༧གོང་ས་མཆོག་གིས་འཛམ་གླིང་གི་ཡུལ་ལུང་ཁག་བཅུ་གཉིས་ཀྱི་གཞོན་སྐྱེས་ཞི་བདེའི་ལས་དོན་པ་རྣམས་དང་མཇལ་མོལ་གནང་འདུག

༧གོང་ས་མཆོག་གིས་ཨ་མི་རི་ཀའི་ཞི་བདེའི་ལྟེ་གནས་ཁང་གི་འབྲེལ་ཡོད་ཚོར་མཇལ་ཁ་བསྩལ་ནས་གཞོན་སྐྱེས་ཞི་བདེའི་ལས་དོན་པ་ཚོར་གོ་བསྡུར་དང་བགྲོ་གླེང་གནང་རྒྱུའི་ཐུགས་འདུན་ཆེན་པོ་ཡོད་པ་བསྟན་ཡོད་འདུག

༧གོང་ས་མཆོག་གིས་འཛམ་གླིང་གི་ཡུལ་ལུང་ཁག་བཅུ་གཉིས་ཀྱི་གཞོན་སྐྱེས་ཞི་བདེའི་ལས་དོན་པ་རྣམས་དང་མཇལ་མོལ་གནང་སྐབས། ༠༩།༢༡།༢༠༢༢ OHHDL

༧གོང་ས་མཆོག་གིས་ཨ་མི་རི་ཀའི་ཞི་བདེའི་ལྟེ་གནས་ཁང་གི་འབྲེལ་ཡོད་ཚོར་མཇལ་ཁ་བསྩལ་ནས་གཞོན་སྐྱེས་ཞི་བདེའི་ལས་དོན་པ་ཚོར་གོ་བསྡུར་དང་བགྲོ་གླེང་གནང་རྒྱུའི་ཐུགས་འདུན་ཆེན་པོ་ཡོད་པ་བསྟན་ཡོད་འདུག
བར་ལམ་ནས་ལོ་བསྟར་ཆགས་སུ་(United States Institute of Peace)་ཞེས་ཨ་མི་རི་ཀའི་ཞི་བདེའི་ལྟེ་གནས་ཁང་གིས་གོ་སྒྲིག་གནང་སྟེ། འཛམ་གླིང་གང་སའི་གཞོན་སྐྱེས་ཞི་བདེའི་ལས་དོན་པ་དང་༧གོང་ས་མཆོག་གི་བར་འཛམ་གླིང་ཞི་བདེའི་སྐོར་གོ་བསྡུར་གནང་གི་ཡོད་པ་བཞིན། འདི་ལོ་ཡང་རྩོད་རྙོག་ཅན་གྱི་ཡུལ་ལུང་དུ་ཞི་བདེའི་ལས་དོན་གནང་སྐབས། འཚེ་བ་དང་དྲག་སྤྱོད་སོགས་ལ་གདོང་ལེན་གྱིས་གཞན་ལ་བློ་སྟོབས་སྤེལ་ཐབས་སུ། ནང་སེམས་ཀྱི་སྙིང་སྟོབས་སྤེལ་བ་ཞེས་བའི་བརྗོད་གཞི་དང་འབྲེལ་ཏེ། འཛམ་གླིང་གི་རྩོད་རྙོག་ཆེ་བའི་ས་ཁུལ་ནས་ཕེབས་པའི་གཞོན་སྐྱེས་ཞི་བདེའི་ལས་དོན་གྱི་འགོ་ཁྲིད་པ་རྣམས་དང་། ༧གོང་ས་མཆོག་གི་བར་གོ་བསྡུར་དང་༧གོང་ས་མཆོག་གིས་ལམ་སྟོན་གྱི་མཛད་རིམ་ཞིག་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་འདི་ཚེས་༢༢ཉིན་ནས་ཉིན་གཉིས་རིང་གནང་འཆར་ཡོད་པ་དང་། སྤྱི་ཚེས་༢༡ཉིན་ཨ་མི་རི་ཀའི་ཞི་བདེའི་ལྟེ་གནས་ཁང་གི་འབྲེལ་ཡོད་འགོ་ཁྲིད་རྣམ་པས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་། སྐབས་དེར་༧གོང་ས་མཆོག་གིས་གཞོན་སྐྱེས་ཞི་བདེའི་ལས་དོན་པ་ཚོར་གོ་བསྡུར་དང་བགྲོ་གླེང་གི་ཐུགས་འདུན་ཆེན་པོ་ཡོད་པ་བསྟན་པ་ལྟེ་གནས་ཁང་དེའི་རྩོད་རྙོག་སེལ་ཐབས་སྡེ་ཚན་གྱི་འགན་འཛིན་གཞོན་པ། མཁས་དབང་(David W Yang)་ལགས་ནས་ངོ་སྤྲོད་གནང་བྱུང་།
ད་དུང་ཁོང་གིས་གསུང་ན། ངས་བསམས་ན་དེ་ནི་ཞི་བདེ་དང་འབྲེལ་བའི་ཕྱག་ལས་ཡག་ཤོས་ཤིག་རེད་སྙམ། འདས་པའི་ལོ་གཉིས་རིང་ང་ཚོས་དྲ་ལམ་བརྒྱུད་གོ་བསྡུར་བྱེད་དགོས་བྱུང་ཡོད་པས། སྤྱི་ལོ་༢༠༡༩ལོ་ནས་ད་བར་ང་ཚོ་རྡ་རམ་ས་ལར་བསྐྱར་དུ་འབྱོར་པ་དང་པོ་དེ་ཆགས་ཀྱི་ཡོད་ལ། ༧གོང་ས་མཆོག་གིས་གོ་བསྡུར་རྒྱ་གང་ཆེ་དང་ཕན་ཚུན་ཉམས་མྱོང་སྤེལ་རེས། བགྲོ་གླེང་གཏིང་ཟབ་གནང་ཐུབ་པའི་ཐུགས་རེ་ཡོད་པ་གསུངས་པ་མ་ཟད། ཁོང་ཉིད་དགུང་ལོ་༨༧ཡིན་ནའང་ཐུགས་རིག་གསལ་བོ་ཡོད་པ་གསུང་བྱུང་ཅེས་དང་། ༧གོང་ས་མཆོག་དང་ལྷན་གོ་བསྡུར་གྱི་ལས་རིམ་དེར། འཛམ་གླིང་གི་གླིང་ཆེན་ཨ་ཧྥི་རི་ཀ་དང་ཨེ་ཤེ་ཡ། དཀྱིལ་ཤར་ཡུལ་གྲུ་ཁག་དང་ལཱ་ཊིན་ཨ་མི་རི་ཀ་སོགས་རྩོད་རྙོག་ཅན་གྱི་ཡུལ་གྲུ་ཁག་༡༢ནས། གཞོན་སྐྱེས་འགོ་ཁྲིད་༢༦ཆེད་བཅར་གནང་གི་ཡོད་པ་འགྲེལ་བརྗོད་གནང་སོང་།
མཇལ་ཁའི་སྐབས་ཨོསི་ཊརེ་ལི་ཡར་རྟེན་གཞི་ཆགས་པ། དཔལ་འབྱོར་དང་ཞི་བདེ་ལྟེ་གནས་ཁང་(Institute for Economics and peace)་གི་འགན་འཛིན་(Steve Killelea)་ལགས་ཀྱང་ཡོད་པ་དང་། ཁོང་གིས་གསུང་ན། ༧གོང་ས་མཆོག་གིས་གསལ་བོ་དག་པོའི་ལམ་ནས་འཛམ་གླིང་ལ་ཞི་བདེ་དགོས་གལ་ཆེན་པོ་ཡིན་པ་དང་། འབྱུང་འགྱུར་ང་ཚོ་མི་འབོར་ཆེ་བའི་འཛམ་གླིང་དུ་ཞི་བདེ་མཉམ་གནས་བྱེད་མ་ཐུབ་ན། སྐྱེ་ཁམས་དཀའ་ངལ་ལྟ་བུ་མཉམ་རུབ་དང་ཡོངས་འདུས་ཀྱི་ལམ་ནས་སེལ་དགོས་པའི་དཀའ་ངལ་མང་པོ་སེལ་ཁག་པོ་ཡིན་པས། ༧གོང་ས་མཆོག་གིས་རེ་བ་དང་ཞི་བདེ་དགོས་པ་གསུང་གི་འདུག་པའི་ཐོག དམིགས་བསལ་བརྩེ་བ་ཡོད་ན་ང་ཚོས་ཞི་བདེ་བསྐྲུན་ཐུབ་པར་བཀའ་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཨ་མི་རི་ཀའི་ནང་༧གོང་ས་མཆོག་གིས་སྤྱི་ལོ་༢༠༡༥ལོར་གཟིགས་སྐོར་དང་འབྲེལ་ཨ་མི་རི་ཀའི་ཞི་བདེའི་ལྟེ་གནས་ཁང་དུ་གཟིགས་ཞིབ་གནང་ཡོད་པ་དང་། སྤྱི་ལོ་༢༠༡༦ལོ་ནས་གཞོན་སྐྱེས་ཞི་བདེའི་ལས་དོན་པ་ཚོ་དང་༧གོང་ས་མཆོག་གི་བར་གོ་བསྡུར་དབུ་འཛུགས་གནང་སྟེ། ད་ལྟའི་བར་མི་ལོ་བདུན་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org