འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་བསམ་བློ་གཏོང་བའི་དུས་ལ་བབས་ཡོད། ༧གོང་ས་མཆོག་གིས།
༧གོང་ས་མཆོག་གིས་མི་རིགས་དང་ཆོས་ལུགས་ཀྱི་ཐོག་ནས་ངའི་རྒྱལ་ཁབ་དང་ངའི་སྤྱི་ཚོགས་ཟེར་བའི་དུས་ཚོད་ཡོལ་ཟིན་པར་ཡིད་ཆེས་ཀྱིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་བསམ་བློ་གཏོང་བའི་དུས་ལ་བབས་ཡོད་པ་བཀའ་བསྩལ།
- 2021-07-28
-
-
-
Your browser doesn’t support HTML5 audio
༧གོང་ས་མཆོག་གིས་མི་རིགས་དང་ཆོས་ལུགས་ཀྱི་ཐོག་ནས་ངའི་རྒྱལ་ཁབ་དང་ངའི་སྤྱི་ཚོགས་ཟེར་བའི་དུས་ཚོད་ཡོལ་ཟིན་པར་ཡིད་ཆེས་ཀྱིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་བསམ་བློ་གཏོང་བའི་དུས་ལ་བབས་ཡོད་པ་བཀའ་བསྩལ།
དབྱིན་ཇིའི་རྒྱལ་ས་ལོན་ཊོན་གྱི་དཔལ་འབྱོར་རིག་པའི་མཐོ་སློབ་ནང་བདེ་སྐྱིད་ཡོང་ཐབས་ཀྱི་ལས་དོན་ཚོགས་པའི་གཙོ་འཛིན་དང་། སྤྱི་ཚོགས་བདེ་ཐང་ཡོང་ཐབས་ཀྱི་ལས་འཆར་འགན་འཛིན་ལས་རོཊ་དགེ་རྒན་ཆེན་མོ་(Rechard Layard)་ལགས་དང་ལྷན། ༧གོང་ས་མཆོག་གིས་སྤྱི་ཟླ་༧་པའི་ཚེས་༢༨་ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། འཛམ་གླིང་བདེ་སྐྱིད་དང་ལྡན་པར་བསྒྱུར་ཐབས་ཀྱི་བཀའ་མོལ་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས། ངོས་ནས་བསམས་ན་ངའི་གཞུང་དང་རྒྱལ་ཁབ་ཟེར་བ་སོགས་ཀྱི་བསམ་བློ་གཏོང་སྟངས་དེ་དུས་ཚོད་ཡོལ་ཟིན་པར་ཡིད་ཆེས་བྱེད་ཀྱི་ཡོད། འདས་པའི་དུས་རབས་ཁ་ཤས་ཀྱི་རིང་ངའི་རྒྱལ་ཁབ་དང་སྤྱི་ཚོགས། ངའི་དབང་ཆ་ཟེར་བའི་ཐད་གཙིགས་འཛིན་བྱེད་རྒྱུ་ཐལ་དྲགས་ཏེ། དཀའ་རྙོག་མང་པོར་འཕྲད་ཡོང་གི་ཡོད་ཅིང་། ད་ལྟ་ནི་ང་ཚོའི་འགྲོ་བ་མི་ཐེར་འབུམ་བདུན་པོ་གཅིག་གྱུར་ཡིན་པ་དང་། ཞི་བདེ་ཡོད་པའི་འཛམ་གླིང་ཞིག་ཡོང་ཐབས་ལ་བསམ་བློ་གཏོང་དུས་ལ་བབས་ཡོད། དེར་བརྟེན། ངའི་རྒྱལ་ཁབ་དང་ངའི་སྤྱི་ཚོགས།
ངའི་ཆོས་བརྒྱུད་གཅིག་པ་ཟེར་བའི་རིགས་དུས་ཚོད་ཡོལ་ཟིན་པའི་སྐད་ཆ་རེད། ད་ནི་ང་ཚོ་འགྲོ་བ་མི་ཐེར་འབུམ་བདུན་པོ་མཉམ་དུ་འདུག་དགོས་པ་དང་། ཁ་དོག་དང་སྲོལ་རྒྱུན་ཤར་ལྷོ་ནུབ་བྱང་གི་འཚོ་གནས་ཀྱི་ཁོར་ཡུག་མི་འདྲ་ནའང་། ང་ཚོ་འགྲོ་བ་མི་ཡིན་པ་གཅིག་གྱུར་ཡིན་པས་དངོས་ཡོད་དང་མཐུན་པའི་བསམ་བློ་བཏང་ན། འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པ་དང་ང་ཚོ་མཉམ་དུ་འཛམ་གླིང་འདིར་གནས་དགོས་པ། ང་ཚོས་ཕན་ཚུན་ལ་རོགས་རམ་བྱ་དགོས་པའི་ཐོག་སློབ་གསོ་སྤེལ་ཐབས་གནང་དགོས་པ་བཀའ་གནང་ཡོད་པ་རེད།
ཡང་༧གོང་ས་མཆོག་གིས། ཁྱེད་རང་ཚོའི་ཚོགས་སྡེ་ནས་ཆོས་ལུགས་དང་མ་འབྲེལ་བར་སྟབས་བདེའི་ལམ་ནས་སེམས་བཟང་པོ་དང་ཞི་བདེ་ཡོང་ཐབས་སུ་འབད་བརྩོན་བསྟེན་པ་ནི། ཧ་ཅང་ཡག་པོ་དང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དང་འབྱུང་འགྱུར་གྱི་རེ་བ་ཉག་གཅིག་རེད། ང་ཚོས་བདེ་སྐྱིད་ལྡན་པའི་འཛམ་གླིང་དང་མིའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ནི་ལམ་ཁ་ཡག་ཤོས་དེ་རེད་མ་གཏོགས། མི་རིགས་དང་ཆོས་ལུགས་དབྱེ་འབྱེད་ཀྱི་ཐོག་གཙིགས་འཛིན་བྱེད་རྒྱུ་མང་དྲགས་ན་དཀའ་ངལ་འཕྲད་ཀྱི་རེད་ཅེས་བཀའ་གནང་སོང་།
སྐབས་དེར་ཚོགས་པ་དེའི་ཚོགས་མི་ལྕམ་(Minda Bains)་ལགས་ནས་ནད་ཡམས་ཀྱི་སྐབས་འདིར། ཕྲུ་གུ་ལོ་ཆུང་དང་གཞོན་སྐྱེས་ཚོའི་སེམས་ཁམས་བདེ་ཐང་ཡོང་ཐབས་ཀྱི་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ནད་ཡམས་དམིགས་བསལ་འདི་འཛམ་གླིང་གང་སར་ཁྱབ་པ་དང་རྒྱ་གར་དུའངད་ལྟ་ཧ་ཅང་ཛ་དྲག་ཆགས་ཡོད་པས། གསོ་རིག་མཁས་པ་ཁག་ཅིག་གིས་ཞིབ་འཇུག་གནང་བཞིན་པ་རེད། ཡིན་ནའང་གལ་གནད་ཆེ་ཤོས་ནི་དམིགས་བསལ་ལུས་སྡུག་བསྔལ་གྱིས་མནར་བའི་ཕྲུ་གུ་ལོ་ཆུང་ཚོར་བརྩེ་བས་བྱམས་སྐྱོང་བྱ་གནང་རྒྱུ་དང་། སེམས་ཀྱི་ཞི་བདེ་དང་རེ་བའི་འདུན་པ་ཡར་རྒྱས་ཡོང་ཐབས་སུ་རེ་བ་མི་བརླག་པའི་སེམས་ཀྱི་འཛིན་སྟངས་ནི་གནག་འགག་ཆེ་ཤོས་ཆགས་ཡོད་པས། ནད་ཡམས་ལ་བརྟེན་ནས་རེ་བ་བརླག་པ་དང་སེམས་ཞུམ་འགྲོ་བ་ནི་སོ་སོ་ལ་གནོད་ཚབས་ཆེན་པོ་ཡིན་”ཞེས་བཀའ་སྩལ་ཡོད་པ་རེད།
ཡང་གཞོན་སྐྱེས་ཕོ་སར་ལས་འགུལ་བ་(Alex Nunn)་ལགས་ནས། མི་རིགས་དབྱེ་འབྱེད་དང་གནམ་གཤིས་འགྱུར་ལྡོག་བཅས་མངོན་གསལ་གྱི་སྐབས་འདིར། དེ་ལ་དོ་ཁུར་བྱེད་མཁན་ཞིག་ལ་མཚོན་ན་སེམས་ཁུར་ཆེན་པོ་ཡོང་གི་འདུག་པས། བྱམས་བརྩེ་དང་རེ་བ་མ་བརླག་པར་གནས་ཐབས་སུ་ག་རེ་བྱ་དགོས་མིན་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ང་ཚོ་ནི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་པའི་ཆ་ནས་སེམས་པ་བཟང་པོ་ནི་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ཤིག་ཡིན་པ་སྐྱེས་ཙམ་ཉིད་ནས་ཡོད་པའི་ཁར། ང་ཚོར་རྣམ་དཔྱོད་ཡོད་པས་འགྲོ་བ་མིའི་ཀླད་པ་བེད་སྤྱོད་བཏང་སྟེ། འགྲོ་བ་མི་སྤྱི་དང་ཁྱིམ་ཚང་རེ་རེ། མཐར་ཐུག་མི་རེ་ངོ་རེ་བདེ་སྐྱིད་ཡོང་ཐབས་ཡག་ཤོས་གང་ཡིན་ཐོག་བསམ་བློ་བཏང་མཐར། སེམས་བཟང་པོ་དང་འགྲོ་བ་མིའི་རྣམ་དཔྱོད་བེད་སྤྱོད་བཏང་ནས། མཆེད་གྲོགས་ཕོ་མོའི་འདུ་ཤེས་ཀྱི་ལམ་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཡོང་བ་བྱ་གལ་ཆེན་པོ་རེད་ཅེས་བཀའ་གནང་ཡོད།
གཞན་ཡང་དགེ་རྒན་ཆེན་མོ་(Rechard Layard)་ལགས་ནས། ༧གོང་ས་མཆོག་གིས་ཁོང་ཚོའི་བསླབ་ཚན་གསར་པ་ཞིག་དབུ་འབྱེད་གནང་བ་སྟེ། བཟང་ཕྱོགས་སུ་བསམ་བློ་གཏོང་བ་དང་བྱམས་བརྩེའི་ཉམས་ལེན་སོགས་ལ་བརྟེན་ནས། མི་མང་པོའི་སེམས་ནང་བདེ་སྐྱིད་ཇེ་ཆེར་ཕྱིན་པ་མ་ཟད། མི་མང་པོ་ཞིག་ལ་བཟའ་ཟླ་དང་དགའ་རོགས་བརྙེད་པ། ལས་ཀ་རག་པ་བཅས་ལ་བརྟེན་ནས་ཀྱང་སེམས་ཀྱི་བདེ་སྐྱིད་ཇེ་ཆེར་སོང་ནས་མི་ཚེ་ལ་བཟང་ཕྱོགས་སུ་འགྱུར་བ་འགྲོ་བཞིན་པ་ནི། ༧གོང་ས་མཆོག་གི་དགོངས་པ་བཞེས་ཕྱོགས་རང་ལ་བརྟེན་ནས་ཡོང་བ་སོགས་སྐབས་དེར་སྙན་སྒྲོན་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།