༧གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་དང་མེཀ་སི་ཁོ་བཅས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་སོང་།

ཡོ་རོབ་མཐུན་ཚོགས་ཀྱིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་ཡོང་བའི་རེ་སྐུལ་གནང་ངེས་ཡིན་པ་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གིས་གསལ་སྟོན་གནང་བྱུང་།

༧གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་དང་མེཀ་སི་ཁོ་བཅས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་སྐབས། ༠༣།༡༠།༢༠༢༣ CTA

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༤པ་དང་བསྟུན། སྤྱི་ཟླ་༣པའི་ཚེས་༡༠ཉིན་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར། ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆུང་ཞིག་དང་། མེཀ་སི་ཁོ་(Mexico)་དང་ལི་ཐོ་ཝི་ནི་ཡ་(Lithuania)་རྒྱལ་ཁབ་ཀྱི་བཅས་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་འཐུས་མི་བཅས་ཕེབས་ཏེ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་མཇལ་མོལ་དང་འབྲེལ། ཡོངས་གྲགས་བོད་དོན་རྒྱབ་སྐྱོར་མཚོན་པའི་གསར་འགོད་གསལ་བསྒྲགས་གནང་ཡོད་པ་དང་། འདི་གའི་གསར་འགོད་པའི་དྲི་བ་ལ་ལན་འདེབས་གནང་སྐབས། ཡོ་རོབ་མཐུན་ཚོགས་ཀྱིས་ཨ་མི་རི་ཀ་དང་འདྲ་བར། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་རྒྱུར་རེ་སྐུལ་འབད་བརྩོན་གནང་རྒྱུ་ཡིན་པ། ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་སྐུ་ཚབ་སྐུ་ཞབས་(Mikulas Peksa)་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་ལ་། ཁོང་གིས། ཡོ་རོབ་མཐུན་ཚོགས་ཀྱིས་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་ལས་དོན་གནང་གི་ཡོད་པ་དང་། ཐག་གཅོད་གང་ཅི་ཡོ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་དང་ཚོགས་གཙོས་གནང་ལམ་ཡོད་པར་བརྟེན། ང་ཚོ་གྲོས་ཚོགས་འཐུས་མི་ཚོས་ཚོགས་གཙོ་ལ་དེའི་སྐོར་བཀའ་མོལ་གྱི་དམིགས་ཡུལ་འཛིན་ངེས་གཏན་གྱི་ཐོག་ནས། ཁོང་གིས་ཡིད་ཆེས་འཕེར་བ་ཡོང་ཐབས་དང་རེ་སྐུལ་ཞུ་ངེས་ཡིན་པ་གསུངས་བྱུང་།
ཡང་མེཀ་སི་ཁོ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་སྐུ་ཚབ་སྐུ་ཞབས་(Salvador Caro Cabrera)་ལགས་ནས་ཀྱང་། མེཀ་སི་ཁོ་རྒྱལ་ཁབ་ཀྱིས་ཡོངས་གྲགས་སུ་བོད་དོན་རྒྱབ་སྐྱོར་གྱི་ཕྱི་འབྲེལ་སྲིད་ཇུས་འཛིན་བཞིན་པ་དང་། འཛམ་གླིང་གང་ས་དང་ཁྱད་པར་ལ་ཏྲིན་ཨ་མི་རི་ཀ་དང་ཨ་ཧྥི་རི་ཀ་བཅས་སུ་བོད་དང་འདྲ་བར། རྒྱ་ནག་གཞུང་གིས་ཕྱེད་མི་སེར་སྤེལ་བའི་རིང་ལུགས་ཀྱི་སྲིད་ཇུས་བཟུང་སྟེ། ནགས་ཚལ་དང་གཙང་བོ་སོགས་ཀྱིས་མཚོན་པའི་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་གཏོང་གི་ཡོད་པས། ང་ཚོ་ཚང་མ་བོད་མི་དང་ཕྱག་སྦྲེལ་མཉམ་རུབ་ཀྱིས་རྒྱ་ནག་གི་སྲིད་ཇུས་འདི་རིགས་བཀག་འགོག་བྱ་གལ་ཆེན་པོ་དང་། མེཀ་སི་ཁོ་གཞུང་གིས་ཡོངས་གྲགས་ཀྱི་ཐོག་ནས་བོད་དོན་རྒྱབ་སྐྱོར་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་ལི་ཐོ་ཝི་ནི་ཡ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་སྐུ་ཚབ་(Arunas Valinskas)་ལགས་ནས། ལི་ཐོ་ཝི་ནི་ཡའི་ནང་གྲོས་ཚོགས་འཐུས་མི་དང་ཤེས་ཡོན་ཅན། ཚོགས་སྡེ་ཁག་འདྲ་མིན་སོགས་བོད་དོན་རྒྱབ་སྐྱོར་གནང་མཁན་མང་པོ་ཡོད་པ་ནི། བོད་དང་ང་ཚོ་ཆོས་ལུགས་དང་རིག་གཞུང་གོམས་གཤིས་མི་འདྲ་ནའང་། བོད་དང་ང་ཚོ་གཅིག་མཚུངས་སུ་ཡོ་འཁྱོམ་དང་དཀའ་སྡུག་གི་ནང་ཚུད་མྱོང་ཡོད་པས། ཁྱེད་ཀྱི་འཐབ་རྩོད་ནི་ང་ཚོ་དང་གཅིག་པ་རེད་ཅེས་པའི་ཚུལ་གྱིས། ང་ཚོ་གཉིས་ཀ་གོད་ཆག་མྱོང་མཁན་གཅིག་མཚུངས་སུ་གྱུར་པའི་སྐྱིད་སྡུག་ཤེས་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།


བོད་དོན་རྒྱབ་སྐྱོར་མཁན་གྱི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཁག་གསུམ་དེས། སྤྱི་ཚེས་༡༠ཉིན་གྱི་ཞོགས་པར་༧གོང་ས་མཆོག་གི་མཇལ་ཁ་ཞུས་ནས་མཇལ་མོལ་སྐབས། ༧གོང་ས་མཆོག་གིས། འགྲོ་བ་མི་ཐེར་འབུམ་བརྒྱད་པོ་ཚང་མ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་གལ་ཆེན་པོ་དང་། ང་དང་ཁོ་ཚོའི་རྒྱལ་ཁབ་བམ་ང་དང་ཁོ་ཚོའི་ཆོས་ལུགས་ཞེས་རྩོད་གཞི་ལ་བཞག་སྟེ། ཕན་ཚན་འཁྲུག་འཛིང་དང་གསོད་རེས་གཏོང་བ་ནི་ནོར་འཁྲུལ་ཚབས་ཆེན་ཆགས་ཡོད། ང་ཚོས་མི་རབས་མང་པོར་མཚོན་ཆ་བེད་སྤྱོད་བཏང་ནས་ཕན་ཚུན་གསོད་རེས་གཏོང་བཞིན་པ་འདི་ད་ཆ་མཚམས་འཇོག་རན་རེད། ང་ཚོ་མི་གཅིག་གྱུར་ཡིན་པས་གོ་ལ་འདིར་སྤུན་མཆེད་ཕོ་མོ་ནང་བཞིན་གནས་དགོས་རྒྱུ་གལ་ཆེན་རེད་ཅེས་བཀའ་བསྩལ་འདུག
གོང་གསལ་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས། ༧གོང་ས་མཆོག་གི་ཡང་སྲིད་གནད་དོན་ནི། མགོན་པོ་གང་ཉིད་དང་བོད་མིའི་སྒྲིག་འཛུགས། ནང་ཆོས་ཀྱི་ལམ་སྲོལ་ལྟར་ཐག་གཅོད་གནང་རྒྱུར་རྒྱབ་སྐྱོར་ཡོད་པ་ལས། རྒྱ་ནག་གཞུང་གིས་དེ་ལ་ཐེ་ཇུས་བྱེད་རྒྱུར་ངོ་རྒོལ་ཡོད་པའང་གསལ་སྟོན་གནང་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org