༸གོང་ས་མཆོག་ལྦ་ར་ན་སིར་ཞབས་སོར་འཁོད་གནང་ཡོད་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་ཆེན་ལྦ་ར་ན་སིར་ཞབས་སོར་འཁོད་གནང་ཡོད་པའི་གནས་ཚུལ།
-
2009-01-07 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ས་གནས་མཆོག་ལྦ་ར་ན་སིར་ཞབས་སོར་འཁོད་གནང་ཡོད་པ་དང་དད་ལྡན་བ་ཚོར་གཟའ་འཁོར་གཅིག་གི་རིང་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་གསུང་ཆོས་དང་ཡང་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་འཁྲིད་བསྩལ་གནང་མཛད་རྒྱུ་ཡིན་པ་རེད།གསུང་ཆོས་ཁག་ཕ་ཡུལ་དྲ་རྒྱའི་ཐོག་བོད་སྐད་དང་ཨུ་རུ་སུའི་སྐད་ཡིག་གཉིས་ནང་ཐད་ཀར་རྒྱང་སྲིང་གནང་རྒྱུ་ཡིན་པ་ལྟར་གསུང་ཆོས་ཞུ་བར་དངོས་སུ་བཅར་མ་ཐུབ་མཁན་ཚོས་དྲ་རྒྱའི་ཐོག་༸གོང་ས་མཆོག་གི་བཀའ་ཆོས་ཐད་ཀར་གསན་ཐུབ་རྒྱུ་ཡིན་པ་རེད།
༸གོང་ས་མཆོག་ལྦ་ར་ན་སིར་ཆིབས་བསྒྱུར་མ་གནང་གོང་ཕྱི་ཚེས་དྲུག་གི་ཉིན་རྒྱ་གར་ནུབ་ཕྱོགས་གུཇ་རཏ་མངའ་སྡེའི་རྦབ་ན་གར་རྫོང་ཁུལ་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམ་པའི་ཉིན་དྲུག་གི་ལྷན་ཚོགས་ཤིག་གི་གཙོ་མགོན་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་གནང་མཛད་དེ་ལྷན་ཚོགས་དེ་དག་དབུ་འབྱེད་གནང་ཡོད་པ་དང་ལྷན་ཚོགས་དེའི་ཐོག་༸གོང་ས་མཆོག་གིས་ཆོས་ལུགས་ཚང་མའི་གཞི་རྩའི་དམིགས་ཡུལ་ནི་གཅིག་པ་ཡིན་པ་དྲན་སྐུལ་གནང་བའི་ཐོག་འཛམ་གླིང་ཞི་བདེར་འཁོད་ཐབས་སུ་ཆོས་ལུགས་ཕན་ཚུན་བར་བཟོད་སྲན་གནང་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་གནང་ཡོད་པ་རེད།
ཆོས་ལུགས་འདྲ་མིན་བར་ཕན་ཚུན་ཞིན་མཐུན་མཉམ་གནས་ཡོངས་ཐབས་སུ་ཐུགས་འབད་བརྩོན་ཆེན་པོ་གནང་གི་ཡོད་པ་དེ་ནི་༸གོང་ས་མཆོག་གི་དགོངས་གཞི་ཆེན་པོ་གསུམ་ཡོད་པའི་ནང་ནས་གཙོ་བོ་ཞིག་ཡིན་པ་རེད།