༧གོང་ས་མཆོག་གིས་དེ་སྔའི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཐའ་མ་དགོངས་པ་རྫོགས་པར་ཐུགས་གསོ་མཛད་འདུག

དེ་སྔའི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་གྱི་སྲིད་འཛིན་ཟུར་པ་དང་གྲང་དམག་གི་ཁོར་ཡུག་མེད་པ་བཟོ་མཁན་སྐུ་ཞབས་(Mikhail Gorbachev)་དགུངས་གྲངས་༩༡སྟེང་སྐུ་ཚེ་མ་ཟིན་པར་༧གོང་ས་མཆོག་གིས་ཐུགས་གསོ་མཛད་འདུག

སྤྱི་ནོར་༧གོང་ས་མཆོག་དང་དེ་སྔའི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་(Mikhail Gorbochev)རྣམ་གཉིས་ཨ་རིར། ༠༤།༢༥།༢༠༡༢ OHHDL

དེ་ཡང་འདི་ཚེས་༣༡ཉིན། བོད་མིའི་བླ་ན་མེད་པའི་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་གིས། དེ་སྔའི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཐའ་མ་དང་། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་(Mikhail Gorbachev)་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་པ་དང་། དམ་པ་དེ་ཉིད་ཀྱི་མཚན་ཐོག་གི་ཐེབས་རྩར་ཕུལ་བའི་གསུངས་འཕྲིན་ནང་། ༧གོང་ས་མཆོག་གིས་ཐུགས་ཕམ་ངང་ངའི་གྲོགས་པོའི་ཆེད་བསྔོ་སྨོན་དང་། ཁོང་གི་བུ་མོ་(Irina Virganskava)་དང་། ཁོང་གི་ནང་མི། དེ་བཞིན་ཁོང་གི་གྲོགས་པོ་དང་རྒྱབ་སྐྱོར་བ་ཚོར་སེམས་གསོ་གནང་བ་དང་སྦྲགས། དམ་པ་དེ་ཉིད་ཀྱིས་སྐབས་དེའི་ཨུ་རུ་སུ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་དང་བཅོས་བསྒྱུར་བཏང་བ། དེ་བཞིན་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལ་དགག་པ་གནང་བར་ཧ་ཅང་གུས་བརྩི་ཞུ་བཞིན་ཡོད། ཁོང་གིས་འཛམ་གླིང་ནང་རྡུལ་ཕྲན་གོ་མཚོན་གསོག་འཇོག་ཉུང་དུ་གཏོང་རྒྱུར་ཐུགས་ཁུར་ཆེ་བཞེས་གནང་བ་རེད་ཅེས་དང་། ལོ་མང་རིང་འཛམ་གླིང་ས་ཕྱོགས་གང་སར་ཁོང་དང་ལྷན་དུ་ཞི་བདེའི་གླེང་སྟེགས་ཐོག་ལྷན་ཞུགས་ཀྱི་གོ་སྐབས་བརྒྱུད་ནས་འབྲེལ་བ་དམ་ཟབ་བྱུང་ཡོད་ལ། ཁོང་ནི་འཆར་སྣང་ལྡན་པའི་སྐྱེས་ཆེན་མིག་ལྟོས་བྱེད་ཡུལ་ཞིག་ཡིན། ཁོང་བགྲེས་ཡོལ་དུ་ཕེབས་པའི་རྗེས་སུའང་འཛམ་གླིང་ནང་ཞི་བདེ་དང་འགྲིག་འཇགས་ཀྱི་རྩ་དོན་དམ་འཛིན་གནང་ཡོད། ཁོང་གིས་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ཚོགས་ཆེན་དབུ་འཛུགས་གནང་བ་དེས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་། ཁོང་རྣམ་པའི་སྒྲིག་འཛུགས་བརྒྱུད་འཛམ་གླིང་ནང་བྱམས་བརྩེ་དང་ཞི་བདེ་ཆེད་མཉམ་རུབ་ཀྱི་ལས་འགུལ་སྤེལ་ཐུབ་པ་བྱུང་ཡོད་པ་བཅས་ཁོང་གིས་སྐུ་ཚེ་དོན་དང་ལྡན་པ་བྱུང་ཡོད་ཅེས་དང་། དམ་པ་ཁོང་གིས་སྙིང་སྟོབས་ཆེན་པོས་རང་དབང་དང་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་འབད་འབུངས་གནང་བར་ངེད་རྣམས་ཀྱིས་དེ་ལྟར་འབད་པ་གནང་དགོས་པའི་ལམ་སྟོན་གནང་འདུག
ར་ཤེ་ཡའི་རྒྱལ་ས་མོསུ་ཀོའི་དབུས་སྨན་ཁང་གིས་གསལ་བསྒྲགས་སྤེལ་དོན་ལྟར་ན། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་(Mikhail Gorbachev)་རྒྱུན་རིང་སྐུ་གཟུགས་ནད་མནར་གྱི་རྐྱེན་པས་མཐར་ཕྱི་ཟླ་༨པའི་ཚེས་༣༠རེས་གཟའ་མིག་མར་ཉིན་སྨན་ཁང་དུ་དགོངས་པ་རྗོགས་པ་བསྒྲགས་འདུག
དམ་པ་(Mikhail Gorbachev)་ནི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཐའ་མ་དེ་ཡིན་ཞིང་། ཁོང་སྲིད་འཛིན་གྱི་ལས་དུས་རིང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ། ཨུ་རུ་སུ་དང་ནུབ་ཕྱོགས་ཡུལ་གྲུའི་བར་གྲང་དམག་གི་གནས་སྟངས་ཞིག་ཡོད་པ་དེ་ཞི་འཇམ་སླད་སྐབས་དེར་དུམ་བུ་གཉིས་སུ་དབྱེ་བའི་ཇར་མན་རྒྱལ་ཁབ་གཅིག་སྒྲིལ་གྱི་འཐབ་རྩོད་ལ་འགག་བྱ་མ་གནང་པར་རྒྱལ་ཁབ་གཅིག་སྒྲིལ་དུ་འགྱུར་ཐུབ་པ་བྱུང་བ་མ་ཟད། རྒྱལ་སྤྱིའི་ཐོག་རྡུལ་ཕྲན་མཚོན་ཆའི་ཉེན་ཚབས་ཉུང་དུ་གཏོང་ཆེད། ཨ་རི་དང་རྡུལ་ཕྲན་མཚོན་ཆ་ཚད་བཀག་གི་གྲོས་མཐུན་རིམ་པ་བཞག་པའི་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་ཡོད་པའི་སྐོར་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དམ་པ་(Gorbachev)་མཆོག་གིས་རྒྱལ་སྤྱིའི་ཐོག་གྲང་དམག་གི་ཁོར་ཡུག་ཞི་འཇམ་དུ་བཏང་བའི་མཛད་རྗེས་ཙམ་དུ་མ་ཟད། ཨུ་རུ་སུ་རྒྱལ་ནང་དུ་(Perestroika)་ཞེས་དཔལ་འབྱོར་དང་ཆབ་སྲིད་གུ་ཡངས་ཀྱི་བཅོས་འགྱུར་དང་། དེ་བཞིན་(Glostnos)་ཞེས་དམར་པོའི་གཞུང་ལ་སྐྱོན་བརྗོད་བྱེད་ཆོག་པའི་སྨྲ་བརྗོད་ཀྱི་རང་དབང་། སྤྱི་ཚོགས་ཕྱི་གསལ་ནང་གསལ་བསྐྲུན་པའི་བཅོས་བསྒྱུར་རིམ་པ་གསར་གཏོད་གནང་ཡོད་པ་རེད། འོན་ཀྱང་གནས་ཚུལ་ནང་གསལ་བར། དམ་པ་(Gorbachev)་མཆོག་གི་རྒྱལ་ནང་བཅོས་བསྒྱུར་གྱི་ལས་དོན་སྤེལ་བས། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དེ་དེ་སྔའི་སྟོབས་ཆེན་རྒྱལ་ཁབ་ལས་སྤྱི་མཐུན་རྒྱལ་ཁབ་སྣ་མང་ལས་གྲུབ་པའི་ཁ་ཐོར་གྱི་ངོ་བོར་འགྱུར་ནས་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ཞིག་ཆགས་ཡོད་པར་ངོས་འཛིན་མཁན་འདུག་ལ། ལས་ཐོག་སྲིད་འཛིན་(Putin)་གྱིས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དུམ་བུར་འགྱུར་བ་དེ་དུས་རབས་༢༠ནང་གོ་ལའི་ཆབ་སྲིད་ནང་བྱུས་ཉེས་ཆེ་ཤོས་ཞིག་ཡིན་ལུགས་ཀྱང་བརྗོད་མྱོང་ཡོད་འདུག
གང་ལྟར་ཡང་སྲིད་འཛིན་ཟུར་པ་(Gorbachev)་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐད་སྲིད་འཛིན་(Putin)་གྱིས་ཐུགས་གསོ་ཞུས་ཡོད་པ་དང་། དམ་པ་ཁོང་གི་ཤུལ་ལུས་ནང་མི་ཡོངས་ལ་སྲིད་འཛིན་མཆོག་ནས་ཐུགས་གསོའི་འཚམས་འཕྲིན་ཕུལ་རྒྱུ་ཡིན་ལུགས་ར་ཤེ་ཡའི་མགྲིན་ཚབ་པ་(Dmitry Peskov)་ཞུ་བས་གསལ་འདོན་གནང་འདུག
ཨ་རིའི་སྲིད་འཛིན་(Biden)་དང་ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་(Ursula Von der Leyen)་ལགས། དབྱིན་ཡུལ་གྱི་སྲིད་འཛིན་(Boris Johnson)་གཙོས་པའི་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ནས་དམ་པ་ཁོང་ལ་རྗེས་དྲན་དང་ཁོང་གི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོའི་འཚམས་འཕྲིན་ཕུལ་དང་ཕུལ་མུས་ཡིན་འདུག
ར་ཤེ་ཡའི་སྲིད་འཛིན་ཟུར་པ་འདས་པོ་(Gorbachev)་མཆོག་ལ་༡༩༩༠ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་རེད།


གསར་འགོད་པ། དོན་གྲུབ་རྣམ་རྒྱལ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org