༧གོང་མཆོག་གིས་༢༠༡༧ལོར་དུས་འཁོར་དབང་ཆེན་གནང་རྒྱུ།

༧གོང་ས་མཆོག་གིས་སྤྱི་ལོ་གསར་བའི་འཚམས་འདྲི་དང་མཉམ་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་པ་གསུངས་འདུག

༧གོང་ས་མཆོག་གི་ལམ་རིམ་གསུངས་ཆོས་ཉིན་མཐའ་མའི་མཛད་འཕྲིན་སྐབས། ༢༠༡༥།༡༢།༢༨ Tenzin Choejor/OHHDL

༧གོང་ས་མཆོག་གིས་སྤྱི་ལོ་གསར་བའི་འཚམས་འདྲི་དང་མཉམ་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་པ་གསུངས་འདུག
དེ་ཡང་འདི་ཚེས་༣༡ཉིན་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་༧གོང་ས་མཆོག་གིས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་ལེགས་པར་བསྩལ་གནང་རྗེས། ༧གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་ཚོར་སྤྱི་ལོ་གསར་བའི་འཚམས་འདྲི་དང་མཉམ་མ་འོངས་སྤྱི་ལོ་༢༠༡༧ལོའི་ཟླ་དང་པོ་དང་། ལོ་རྗེས་མའི་བོད་ཟླ་༡༡པའི་ནང་། གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་རྒྱུའི་དགོངས་བཞེས་གནང་བཞིན་པ་གསུངས་ཡོད་པ་རེད།
སྤྱི་ལོ༢༠༡༦ལོའི་ཟླ་དང་པོའི་ཚེས་༡ཉིན་༧གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་སྒོ་ནས་ཚེ་དབང་བསྩལ་གནང་རྒྱུ་ཡིན་པ་རེད།
ཕྱི་ཟླ་༡༢པའི་ཚེས་༣༠ཉིན་བཀའ་གདམས་པའི་ཐིག་ལེ་བཅུ་དྲུག་པའི་ཞལ་ཐང་གི་སྐུ་མདུན་དུ་མཆོད་པ་རྒྱ་ཆེར་གཤམ་ཞིང་། ༧གོང་ས་མཆོག་ཞུགས་ཁྲིར་འཁོད་པའི་རྗེས་བཀའ་དམ་པའི་ཐིག་ལེ་བཅུ་དྲུག་སྐོར་བཀའ་ཁྲིད་སྩལ་བ་མ་ཟད་། ད་རེས་༧གོང་ས་མཆོག་གིས་བཀའ་སྩལ་བའི་ནང་། ད་རེས་བྱང་ཆུང་སེམས་པའི་དབང་སྩལ་གནང་རྒྱུ་ཡིན་པ་དང་། དེའི་རྒྱུ་མཚན་ནི་བཀའ་དབང་གི་ཆོས་འབྲེལ་རྣམས་དྲ་རྒྱའི་ཐོག་ནས་ཐད་གཏོང་བྱེད་པར་བརྟེན་ནས་ད་རེས་བསྔགས་གི་བཀའ་དབང་གནང་རྒྱུ་མིན་པ་བཀའ་སྩལ་གནང་ཡོད་ལ་། གལ་ཏེ་བཀའ་དབང་ནི་དྲ་རྒྱའི་ཐོག་ནས་ཞུ་ཆོག་མིན་སྐོར་བཀའ་འདྲི་ཞུ་མཁན་ཡོད་ན་བཀའ་དབང་ཞུ་མཁན་མི་དེའི་སེམས་བརྒྱུད་ལ་ཀུན་སློང་ཡག་པོ་ཡོད་ན་དྲ་རྒྱ་བརྒྱུད་ནས་བཀའ་དབང་ཞུ་ཆོག་པ་མ་ཟད་། དམིགས་པ་བྱས་པའི་ཐོག་ནས་ཞུ་ཆོག་གི་ཡོད་པ་ཡིན་ཞིང་། དགེ་འདུན་པའི་སྡོམ་པ་ཡིག་ཐོག་ནས་ལེན་ཆོག་གི་ཡོད་པ་ཡིན་དུས་དྲ་རྒྱའི་ཐོག་ནས་བཀའ་དབང་ཞུ་ཆོག་གི་ཡོད་པ་རེད་ཅེས་བཀའ་སྩལ་གནང་ཡོད་པ་རེད།
ད་དུང་༧གོང་ས་མཆོག་གིས་བཀའ་དབང་དེ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ནས་ཞུས་གནང་བ་ཡིན་པ་དང་། སྐྱབས་རྗེ་རིན་པོ་ཆེས་༧གོང་ས་མཆོག་ལ་བཀའ་དབང་དེ་ཕུལ་རྒྱུའི་ཆེད་དུ་དམིགས་བསལ་གྱི་སྐུ་མཚམས་བཞུགས་ཡོད་པ་ལྟར་། ༧གོང་ས་མཆོག་ནས་ཀྱང་དམིགས་བསལ་སྐུ་མཚམས་ལ་བཞུགས་པ་མ་ཟད་། བཀའ་དབང་ཐེངས་དང་པོ་དེ་སྩལ་བའི་སྐབས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ལ་བསྩལ་རྒྱུའི་དགོངས་པ་འཁོར་མྱོངས་བའི་སྐོར་བཀའ་སྩལ་གནང་ཡོད་པ་རེད་།

གསར་འགོད་པ་གཡུ་སྒྲོན་དང་ཀླུ་འབུམ།
ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ཀྱིས་ས་གནས་ནས་གནས་ཚུལ་བཏང་བར་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org