དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་དགོས་པའི་ཐད་བཀའ་སློབ།

༧གོང་ས་མཆོག་གིས་ཉི་ཧོང་གི་Aichi Gakuinགཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་སྟོང་ཕྲག་བརྒལ་བར་བཀའ་སློབ་གནང་འདུག

༧གོང་ས་མཆོག་གིས་ཉི་ཧོང་གི་Aichi Gakuinགཙུག་ལག་སློབ་གྲྭར་བཀའ་སློབ་གནང་སྐབས། ༢༠༡༥།༤།༧ Tenzin Jigmey

༧གོང་ས་མཆོག་གིས་ཉི་ཧོང་གི་Aichi Gakuinགཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་སྟོང་ཕྲག་བརྒལ་བར་བཀའ་སློབ་གནང་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཉི་ཧོང་དུ་མཛད་འཕྲིན་བསྐྱངས་གནང་མཛད་བཞིན་པ་ལྟར། ཚེས་༧ཉིན་ཉི་ཧོང་གི་Nagoyaགྲོང་ཁྱེར་དུ་རྟེན་གཞི་བྱས་པའི་Aichi Gakuinགཙུག་ལག་སློབ་གྲྭའི་ཚོགས་ཁང་དུ་སློབ་ཕྲུག་གྲངས་༣༢༠༠བརྒལ་བར་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་དགོས་པ་དང་། འགྲོ་བ་མིའི་འདུ་ཤེས་བཟུང་དགོས་པའི་སྐོར་བླང་དོར་བཀའ་སློབ་སྩལ་འདུག ༧གོང་ས་མཆོག་གིས་གསུངས་དོན། སློབ་ཕྲུག་རྣམས་ལ་རང་ཉིད་ཀྱི་མི་ཚེ་ཙམ་མ་ཟད། སྤྱི་ཚོགས་དང་། རྒྱལ་ཁབ། དེ་བཞིན་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུའི་གོ་སྐབས་དང་ལས་འགན་གཉིས་ཀ་ཡོད་པ་དང་། འགྲོ་བ་མའི་རིགས་ཚང་མས་བདེ་བ་འདོད་པ་ལྟར། དེ་དག་འགྲུབ་རྒྱུའི་ཐོབ་ཐང་ཡང་ཚང་མར་གཅིག་མཚུངས་སུ་ཡོད་སྟབས་འགྲོ་བ་མིའི་འདུ་ཤེས་བཟུང་རྒྱུ་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་ཞེས་སོགས་བླང་དོར་གྱི་བཀའ་སློབ་ཟབ་རྒྱས་གནང་བ་དང་འབྲེལ་༧གོང་ས་མཆོག་གིས་འགྲོ་བ་མིའི་རིང་ཐང་གོང་འཕེལ་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བཅས་སྐུ་ཚེའི་མཛད་འགན་གསུམ་གྱི་སྐོར་ངོ་སྤྲོད་གནང་པ་དང་། དྲི་བ་རྣམས་ལ་བཀའ་ལན་སྩལ་གནང་མཛད་འདུག གོང་གསལ་གཙུག་ལག་སློབ་གྲྭ་དེའི་ནང་ད་ལྟའི་ཆར་སློབ་མ་ཁྱོན་༥༠༠༠༠ཙམ་ལ་བཟང་སྤྱོད་དང་འབྲེལ་བའི་ཤེས་ཡོན་སློབ་གསོ་སྤྲོད་བཞིན་འདུག
མཛད་འཆར་གཞིར་བཟུང་ལྟར་ན། ཕྱི་ཚེས་༨ཉིན་༧གོང་ས་མཆོག་གིས་Gifuཞེས་པའི་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཉི་ཧོང་སོ་ཏོ་གཞོན་སྐྱེས་མཐུན་ཚོགས་གསར་འཛུགས་བྱས་ནས་ལོ་ངོ་༤༠འཁོར་བའི་མཛད་སྒོར་བཀའ་སློབ་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org