༧གོང་ས་མཆོག་གིས་རྡོ་རྗེ་གདན་ནས་ཐེ་ལན་ཊའི་དགོན་པ་དབུ་འབྱེད་རབ་གནས།
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཐེ་ལན་ཊའི་དགོན་པ་གསར་པ་དབུ་འབྱེད་རབ་གནས་དང་འབྲེལ་བཀའ་སློབ་སྩལ་འདུག
-
2018-01-26 -
-
-
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཐེ་ལན་ཊའི་དགོན་པ་གསར་པ་དབུ་འབྱེད་རབ་གནས་དང་འབྲེལ་བཀའ་སློབ་སྩལ་འདུག
དེ་ཡང་ཕྱི་ཟླ་དང་པོའི་ཚེས་ ༢༥ ཉིན་གྱི་སྔ་དྲོར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་ཐང་ཆེན་དུ་རྒྱ་གར་གྱི་སློབ་ཕྲུག་གཅིག་ཁྲི་བཞི་སྟོང་ཙམ་ལ་ཀུན་ཁྱབ་བཟང་སྤྱོད་ཀྱི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གྲུབ་རྗེས། སྔ་དྲོའི་ཆུ་ཚོད་བཅུ་བ་ཡོལ་ཙམ་ལ་བྱང་ཆུབ་མཆོད་རྟེན་ཆེན་མོའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཐེ་ལན་ཊའི་དགོན་པར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་ཐེ་ལན་ཊེའི་སྲོལ་རྒྱུན་གྱི་མཆོད་གར་འཁྲབ་པ་དང་མེ་ཏོག་གཏོར་བ་སོགས་ཐེ་ཡི་ལུགས་སུ་༧གོང་ས་མཆོག་ལ་གུས་ཞབས་རྒྱ་ཆེར་མཛད་ཡོད་པ་རེད།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཞུགས་ཁྲིར་འཁོད་བསྟུན། དགོན་པ་དེའི་བླ་མ་(Dr. Ratneswar Chakma) ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་དུ་ཞི་བདེའི་ཆེད་མཛད་འཕྲིན་རྒྱ་ཆེར་བསྐྱངས་བཞིན་པ་རྣམས་ངོ་སྤྲོད་དང་། ལྷ་ཁང་གསར་རྒྱག་གི་དམིགས་ཡུལ་ནི་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་ཚོར་དམིགས་ཡོད་པ་སོགས་ངོ་སྤྲོད་གནང་རྗེས། ༧གོང་ས་མཆོག་གིས་ཐེ་ཡི་ལྷ་ཁང་གསར་པ་དབུ་འབྱེད་དུ་ཡོང་བར་ཧ་ཅང་དགའ་བོ་བྱུང་བ་དང་། ངོས་རང་གིས་ཆོས་ལུགས་ཚང་མར་བརྩི་བཀུར་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མའི་དམིགས་ཡུལ་ནི་བདེ་སྐྱིད་སྒྲུབ་རྒྱུ་དེ་ཡིན། ཡིན་ནའང་། མཚམས་རེར་རྙོག་དྲ་ཆུང་ཚགས་ཡོང་བཞིན་ཡོད་ཅེས་དང་། ཆོས་ལུགས་མང་པོའི་ཁྲོད་ནས་ང་ཚོའི་ནང་པའི་ཆོས་ལུགས་ནི་དམིགས་བསལ་ཞིག་ཡིན། དེང་སྐབས་ཚན་རིག་པས་ཀྱང་ང་ཚོའི་ནང་པའི་སེམས་ཁམས་རིག་པའི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་སྤྲོད་པ་ཞིག་འགོ་བཙུགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་། སྐུ་པར་མཉམ་སྒྲོན་སོགས་གནང་རྗེས་༧གོང་ས་མཆོག་གིས་ཉིན་གུང་ལྗགས་སྨིན་ཐེ་ལན་ཊའི་དགོན་པ་དེར་གནང་ཡོད་པ་རེད།
དེ་ནས་ཆུ་ཚོད་དང་པོ་ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་ཡུལ་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་སྟེ་ལས་རིགས་འདྲ་མིན་གྱི་མི་སྣ་དང་སྡེ་ཚན་ཁག་ཅིག་གི་མི་སྣར་མཇལ་ཁ་སྩལ་ཡོད་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།