༸གོང་ས་མཆོག་ནས་བོད་རྒྱའི་གྲོས་མོལ་ལ་གྲུབ་འབྲས་ཡོང་བའི་ཐུཌ་རེ།

༸གོང་ས་མཆོག་ནས་བོད་རྒྱའི་གྲོས་མོལ་བརྒྱུད་གྲུབ་འབྲས་གང་འཚམས་ཡོང་བའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་གནང་ཡོད་འདུག

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རྒྱའི་གྲོས་མོལ་བརྒྱུད་གྲུབ་འབྲས་གང་འཚམས་ཡོང་བའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་གནང་ཡོད་འདུག།

དེ་ཡང་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་ཉི་ཧོང་དང་ ཐེ་ལྦན། ཨོ་སོ་ཀྲོ་ལི་ཡའི་བཅས་རྒྱལ་ཁབ་གསུམ་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་ཀྱི་ལྷན་ཚོགས་ཤིག་གནང་ཡོད་པ་དེའི་ཐོག་བཙན་བྱལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་ལྕམ་སྐུ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཆེད་ཕེབས་གནང་ཡོད་རེད། ཁ་ས་ལྷན་ཚོགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུངས་འཕྲིན་སྒྲོགས་སྦྱང་གནང་ཡོད་པ་དེའི་ནང༌། ད་ལྟའི་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་དང༌། ལྷག་པར་དུ་བོད་མིའི་ཆོས་དང་རིག་གཞུང་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁའི་གནས་སྟངས་སུ་གྱུར་ཡོད་སྟབས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མི་མང་གི་ཚབ་གནང་ནས་ངེས་པར་དུ་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་དང༌། ཡང་གསུངས་འཕྲིན་ནང་མུ་མཐུད་ནས་༸གོང་ས་མཆོག་གིས། ང་ཚོས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་གཉིས་མོས་ཡོད་པའི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ཞིག་ཐོག་གྲོས་མོལ་བྱེད་རྒྱུའི་འདོད་པ་ཡོད་པ་ལས་རང་བཙན་རྩོད་ཀྱི་མེད་ལ་རྒྱ་ནག་དང༌། རྒྱ་མི་རིགས་ཚོར་སྡང་ཟུག་ཀྱང་གནང་གི་མེད། དེ་འདྲ་ཡིན་དུས་ད་ཆ་བོད་ནང་གི་གནས་སྟངས་འདི་འདྲ་ཞིག་ཆགས་ཡོད་དུས་ཐེངས་འདིའི་བོད་རྒྱའི་གྲོས་མོལ་གྱི་བརྒྱུད་རིམ་དེ་སྔར་ལས་ཡར་རྒྱས་དང༌། གྲུབ་འབྲས་གང་འཚམས་ཤིག་ཡོང་བའི་རེ་བ་ཞུ་གི་ཡོད་ཅེས་བཀའ་གནང་ཡོད་འདུག།

བཙན་བྱོལ་བོད་གཞུང་གི་སྐུ་ཚབ་རྣམས་ཕྱི་ཟླ་དྲུག་པའི་ཚེས་ ༣༠ ཉིན་རྒྱ་ནག་ཏུ་ཕེབས་འབྱོར་གྱིས་ཁ་ས་དང་། ད་རིང་ཉིན་གཉིས་རིང་གྲོས་མོལ་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org