༧གོང་ས་མཆོག་ཉི་ཧོང་གི་རྒྱལ་སར་ཆིབས་ཞལ་བསྒྱུར་གནང་འདུག
ཆོས་ཀྱི་དོན་དམ་གྱི་གནས་ལུགས་མཐར་ཐུག་གང་ཡིན་པ་ཤེས་ཐབས་གནང་དགོས་བ་ལས་རྨོངས་ཞེན་གནང་རྒྱུ་མེད་པ་གསུངས་འདུག
-
2016-11-16 -
-
-
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༡༥་ཉིན་ཉི་ཧོང་གི་གྲོང་ཁྱེར་ཀོ་ཡ་སན་ནང་། མང་ཚོགས་ལ་དུས་རབས་༢༡་པའི་ནང་པ་ཚོའི་ལས་འགན་ཐོག་བཀའ་སློབ་སྩལ་གནང་ལེགས་གྲུབ་ཟིན་པའི་རྗེས་སུ། རྒྱལ་ས་ཀྲོག་ཡོའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་འདུག
ཐོག་མར་༧གོང་ས་མཆོག་གིས་ཚོགས་བཅར་བ་རྣམས་ཀྱིས་བཀའ་འདྲི་དང་ལེན་མཛད་པའི་རྗེས་སུ་བཀའ་སློབ་དབུ་འཛུགས་མཛད་དོན། སྤྱིར་ནང་ཆོས་སྤྱི་དང་དེའི་ནང་ཚན་ནས་དཔལ་ན་ལེནྡྲའི་བཞེད་སྲོལ་དེ་དག་ག་དུས་ཡིན་ནའང་རྒྱུ་མཚན་ལ་བསམ་བློ་བཏང་ནས་རིག་པའི་ལམ་ནས་བརྟག་དཔྱད་ལ་གཙོ་བོ་གཞིར་བཞག་པའི་ཐོག་ཆོས་རྣམས་ཀྱི་དོན་དམ་གྱི་གནས་ལུགས་མཐར་ཐུག་གང་ཡིན་པ་ཤེས་ཐབས་གནང་བཞིན་ཡོད་པ་ལས་དད་པ་དང་། རྨོངས་ཞེན་བྱས་ནས་རྩ་བ་ནས་འགྲོ་ཡི་མེད། དེ་ནི་དེང་དུས་ཚན་རིག་དང་ཧ་ཅང་མཐུན་པོ་ཡོད་ཅིང་། དེར་བརྟེན་རིག་པའི་ལམ་ནས་དཔྱད་པ་བྱ་རྒྱུ་འདི་ཧ་ཅང་གནད་འགག་ཆེན་པོ་ཞིག་འདུག དུས་རབས་༢༡་ནང་ཆོས་བརྗོད་སྐབས་འདོན་པ་འདོན་རྒྱུ་ལྟ་བུ་ཞིག་དང་། ཆོ་ག་ཕྱག་ལེན་འདྲ་བྱས་ནས་སྡོད་རྒྱུ་ཞིག་རྩ་བ་ནས་མ་རེད། ངོས་ཀྱིས་ལོ་ངོ་༣༠་ལྷག་རིང་ཚན་རིག་པ་དང་ལྷན་བགྲོ་གླེང་བྱས་པ་ཡིན། དེང་སྐབས་ཚན་རིག་པ་ཚོས་འཇིག་རྟེན་ཁམས་ཀྱི་རིག་པ་དང་། Cosmology་གས་ཐོར་ཆེན་པོ་Big Bang Theory་སོགས་ནང་པའི་གཞུང་ནས་ཀྱང་གསུངས་ཡོད།
དེ་བཞིན་དབང་རྩ་དང་ཀླད་པ། བློའི་བྱེད་ལས་ཀྱི་རྣམ་གཞག ཀོན་ཊམ་དངོས་ཁམས་རིག་པ་Quantum Physics་རྣམས་ཀླུ་སྒྲུབ་ཀྱི་གསུང་སོགས་ནང་པའི་གཞུང་ནང་གསལ་ཡོད། བློའི་རྣམ་གཞག་དང་འབྲེལ་ནས་ནང་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ཧ་ཅང་ཚད་མཐོན་པོ་རེད་ཅེས་བཀའ་སྩལ་མཛད་པ་དང་། ཡང་མང་ཚོགས་ཀྱི་ཞབས་འདེགས་ཇི་འདྲ་ཞིག་སྒྲུབ་ཐུབ་མིན་ཐད་ང་ཚོས་བསམ་བློ་བཏང་ནས་འགན་མང་ཙམ་འཁྱེར་དགོས། ང་ཚོས་ལུས་པོའི་འཕྲོད་བསྟེན་ཐོག་ཧ་ཅང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཀྱང་བསམ་བློའི་འཕྲོད་བསྟེན་ལ་དོ་སྣང་གང་འདྲ་ཞིག་བྱེད་དགོས། ཁོང་ཁྲོ་དང་འཇིགས་སྣང་སོགས་ཆགས་སྡང་གི་བློ་ཉོན་མོངས་རག་པ་དེ་དག་འགོག་ཐབས་བྱས་ནས་བཟང་པོའི་བློ་དེ་དག་གོང་མཐོར་གཏོང་ཐབས་བྱེད་དགོས། རྒྱུ་མཚན་དེ་དག་ལ་བརྟེན་ནས་ངོས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་གྲ་ཚང་དགེ་འདུན་འདུས་སྡེ་ཡོད་པ་རྣམས་ཀྱི་སློབ་ཚན་དུ་ཚན་རིག་ངེས་པར་དུ་འཛུགས་ཐབས་བྱས་པ་ཡིན་ཞེས་སོགས་ཀྱི་བཀའ་སློབ་བསྩལ་འདུག
༧གོང་ས་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཀོ་ཡ་སན་ནང་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་རེ་ཞིག་མཇུག་སྒྲིལ་མཛད་ནས་རྒྱལ་ས་ཊོག་ཡོའི་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།