༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་འོས་ཐོབ་པར་འཚམས་འདྲི།

༧གོང་ས་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀ་ནས་ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཊོམཕུ་མཆོག་ལ་འཚམས་འདྲིའི་བཀའ་ཡིག་བསྩལ་འདུག

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2016 Lhuboom/RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཊོ་ནཱལཌ་ཊོམཕུ་མཆོག་ལ་འཚམས་འདྲིའི་བཀའ་ཡིག་སྩལ་གནང་མཛད་འདུག
འཚམས་འཕྲིན་དེའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་མི་རི་ཀ་ནི་མང་གཙོ་དང་རང་དབང་། ཁྲིམས་ལུགས་དབང་འཛིན་གཙོ་བཟུང་བཅས་ལ་སྲུང་སྐྱོབ་གནང་མཁན་གྱི་རྒྱལ་ཁབ་ཞིག་ཡིན་པར་ངོས་ནས་ཡུན་རིང་བསྔགས་བརྗོད་ཞུ་བཞིན་ཡོད། ཨ་མི་རི་ཀའི་མང་གཙོའི་འཆར་སྣང་དང་སྣེ་འཁྲིད་ལ་འཛམ་གླིང་ཀུན་གྱི་ངོས་ནས་རེ་བསྟོད་བྱེད་བཞིན་ཡོད་ཅེས་བཀའ་གནང་འདུག
ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དེའི་ནང་། འགྲོ་བ་མི་ཀུན་ལ་ཕན་ཐོགས་ཐུབ་པའི་ནུས་པ་ཡོད་པའི་བོད་ཀྱི་ནང་ཆོས་རིག་གཞུང་སྟེ། ཞི་བདེ་དང་འཚེ་བ་མེད་པ། བྱམས་བརྩེ་གཞི་ལ་བཞག་པའི་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུར་ཨ་རིའི་སྲིད་འཛིན་རིམ་བྱོན་དང་། ཨ་རིའི་མི་དམངས་ནས་ང་དང་ངའི་མི་དམངས་ལ་རྒྱབ་སྐྱོར་གནང་པར་ངོས་ནས་ཆེ་མཐོང་ཞུ་གི་ཡོད་ཅེས་དང་། འབྱུང་འགྱུར་ཕྱག་ལས་མཛད་དཀའ་མང་དག་ཞིག་ལ་གདོང་ལེན་གནང་དགོས་སྲིད་ཀྱང་། དེ་དག་ལམ་ལྷོངས་ཡོང་བའི་ཐུགས་སྨོན་དང་བཀྲིན་སྨོན་འདུན་ཞུ་རྒྱུ་ཡིན་ཅེས་བཀའ་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཊོ་ནཱལཌ་ཊོམ་ཕུ་མཆོག་ལ་འཚམས་འཕྲིན་འདི་ཕྱི་ཟླ་༡༡་ཚེས་༩་ཉིན་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀ་ནས་བསྩལ་གནང་མཛད་འདུག།

གསར་འགོད་པ་འགན་འཛིན་གཞོན་པ་སྐལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org