༧གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བློན་ཆེན་ཟུར་པ་ཞིག་དགོངས་པ་རྫོགས་པར་ཐུགས་གསོ་མཛད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་(Karel Schwarzenberg)་མཆོག་ཉེ་ཆར་དགོངས་པ་རྫོགས་པར་ཁོང་གི་ནང་མིར་ཐུགས་གསོའི་འཚམས་འཕྲིན་མཛད་འདུག
- 2023-11-16
-
-
-
དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཟླ་༡༡་པའི་ཚེས་༡༥་རེས་གཟའ་ལྷག་པའི་ཉིན། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གནད་ཡོད་ཆབ་སྲིད་པ་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་(Karel Schwarzenberg)་མཆོག་ཉེ་ཆར་དགོངས་པ་རྫོགས་པར་ཁོང་གི་སྐུ་ཟླ་ལྕམ་(Therese Schwarzenberg)་ལགས་དང་ནང་མོར་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། སྐུ་ཞབས་(Karel Schwarzengberg)་མཆོག་སྐུ་འཚོ་བཞུགས་རིང་སོ་སོའི་རྒྱལ་ཁབ་ནང་ཞབས་འདེགས་བསྒྲུབས་ནས་སྐུ་ཚེ་དོན་དང་ལྡན་པ་བྱུང་ཡོད་ཅིང་། ཁོང་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་(Vaclav Havel)་མཆོག་གི་གཞུང་ལས་ཁང་གི་སྤྱི་ཁྱབ་བློན་ཆེན་གྱི་མཛད་འཁུར་ཞུས་པ་དང་། དེ་རྗེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་གྱི་མཛད་འགན་བཞེས་སྐབས་ནས་བཟུང་ངོས་དང་ངོ་ཤེས་ཡིན། ཁོང་གིས་ཕྱི་སྲིད་བློན་ཆེན་གྱི་མཛད་འཁུར་བཞེས་པའི་སྐབས་ཤིག་ལ་ངོས་རང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་བསྐྱོད་སྐབས་ཁོང་གི་གནམ་གྲུའི་ནང་ལྷན་དུ་(Brussels)་ལ་བསྐྱོད་རྒྱུའི་གོ་སྐབས་བྱུང་། ངོས་ནས་ཁོང་གི་གནང་བབ་ལ་རྗེས་སུ་ཡི་རང་ཞུ་རྒྱུ་དང་། ཁོང་ནི་ངོས་ཀྱི་ཉེ་བའི་གྲོགས་པོ་ཡིན་ལ་ཁོང་གི་མཛའ་གྲོགས་ཀྱི་འབྲེལ་བ་དང་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས། བཀོད་གནང་ཡོད་པ་རེད།
སྐུ་ཞབས་(Karel Schwarxenberg)་མཆོག་ནི་། སྤྱི་ལོ་༡༩༣༧་ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་འཁྲུངས་ཤིང་། ཁོང་ནི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་པ་དང་ཕྱི་འབྲེལ་མི་སྣ་གནད་འགག་ཅན་ཞིག་ཡིན་པ་མ་ཟད། ༢༠༠༧་ནས་༢༠༠༩་བར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གནང་ཡོད་པ་རེད། ཉེ་ལམ་ཕྱི་ཟླ་༡༡པའི་ཚེས་༡༡་རེས་གཟའ་སྤེན་པའི་ཉིན་(Austria)་རྒྱལ་ས་(Vienna)་ནང་དགོངས་པ་རྫོགས་ཡོད་པ་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།