༧གོང་ས་མཆོག་གིས་ཧིན་རྡུའི་སློབ་དཔོན་ཞིག་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་ཧིན་རྡུའི་སློབ་དཔོན་(Swami Smarananda Maharaj)་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་ནས་དམ་པ་ཁོང་གི་རྗེས་འཇུག་པ་ཡོངས་ལ་སེམས་གསོ་ཞུས་གནང་མཛད་འདུག
- 2024-03-27
-
-
-
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྒྱ་གར་གྱི་ཧིན་རྡུའི་སློབ་དཔོན་(Swami Smarananda Maharaj)་དགོངས་པ་རྫོགས་པར་སྤྱི་ཟླ་༣་ཚེས་༢༧ཉིན་སྩལ་བའི་ཐུགས་གསོའི་གསུང་འཕྲིན་དེའི་ནང་། མགོན་པོ་གང་ཉིད་མཆོག་ནས་ཁོང་གི་ཆེད་དུ་ཐུགས་སྨོན་གསོལ་འདེབས་གནང་ཡོད་པ་མ་ཟད། (Ramakrishna Mission)་ཆོས་སྡེའི་ཚོགས་མི་རྣམས་དང་། དམ་པ་ཁོང་གི་རྗེས་འཇུག་པ་ཡོངས་ལ་སེམས་གསོ་ཞུ་གི་ཡོད་ཅེས་དང་། དམ་པ་ཁོང་གིས་གཞན་དོན་དུ་ཞབས་འདེགས་ཞུས་ནས་དོན་སྙིང་ལྡན་པའི་སྐུ་ཚེ་ཞིག་བསྐྱལ་གནང་ཡོད་པ་ནི། ངོ་མཚར་ཆེན་པོ་ཞིག་ཡིན་པ་དང་། དམ་པ་ཁོང་གི་རྗེས་འཇུག་པ་དང་གྲོགས་པོ་རྣམས་དང་ལྷན་དུ་ཁོང་ལ་གུས་འདུད་ཞུ་གི་ཡོད་ཅེས་ཐུགས་གསོའི་གསུང་འཕྲིན་ནང་འཁོད་འདུག
རྒྱ་གར་གྱི་ཧིན་རྡུའི་སློབ་དཔོན་(Swami Smarananda Maharaj)་མཆོག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཡོད་པའི་ཆོས་གྲོགས་ཤིག་ཡིན་ཞིང་། དམ་པ་ཁོང་ཕྱི་ལོ་༡༩༢༩ལོར་རྒྱ་གར་ལྷོ་ཕྱོགས་(Tamil Nadu)་ཁུལ་གྱི་(Andami)་ཞེས་པའི་གྲོང་ཚོ་རུ་སྐུ་འཁྲུངས་བ་དང་། ཕྱི་ལོ་༡༩༥༢ལོར་སྐབས་དེ་དུས་ཀྱི་སློབ་དཔོན་(Swami Shankarananda)་དྲུང་ནས་དབང་ལུང་མན་ངག་ཞུས་རྗེས་(Ramakrishna)་ཧིན་རྡུའི་རྒྱུད་པའི་ནང་ཞུགས་འདུག ཕྱི་ལོ་༢༠༡༧ལོར་(Swami Smarananda Maharaj)་མཆོག་གིས་(Ramakrishna)་ཆོས་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་གནང་འདུག ཁོང་ནི་རྒྱ་གར་གྱི་(Ramakrishna)་ཆོས་སྡེ་དང་། གཞན་(Ramakrishna)་ཆོས་ཚོགས་ཀྱི་ཚོགས་གཙོ་ཨང་༡༦པ་དེ་ཡིན་པ་རེད། (Ramakrishna)་ཆོས་ཚོགས་ནི་རྒྱ་གར་ནང་གཙོ་བོ་ཤེས་ཡོན་དང་འཕྲོད་བསྟེན་ཐོག་སྤྱི་ཚོགས་ཀྱི་ཞབས་ཞུ་རྒྱ་ཆེན་པོ་ཞུ་མཁན་ཞིག་ཡིན་པ་རེད།
ཉེ་ལམ་སྤྱི་ཟླ་དང་པོ་ནང་དམ་པ་ཁོང་སྙུན་གཞིའི་རྐྱེན་པས་སྨན་ཁང་དུ་ཕེབས་དགོས་བྱུང་བ་དང་། སྤྱི་ཟླ་༣ཚེས་༢༧ཉིན་དགུང་ལོ་༩༥ཡི་ཐོག་(Kolkata)་རུ་དགོངས་པ་རྫོགས་ཡོད་འདུག
གསར་འགོད་པ། སྐལ་ལྡན་བློ་གྲོས། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།