བལ་ཡུལ་ནང་འཁྲུངས་སྐར་བཀག་སྡོམ་དང་བོད་མི་འཇུ་བཟུང་།

བལ་ཡུལ་ནང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩིའི་སྐབས་འཇུ་བཟུང་བྱས་བའི་བོད་མི་མི་གྲངས་༣༠་རྣམས་གློད་འདུག

བལ་ཡུལ་དུ་ཉེན་རྟོག་པས་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་བཀག་སྡོམ། ༢༠༡༦།༦།༧

དེ་རིང་སྤྱི་ཚེས་༦ཉིན། བལ་ཡུལ་རྒྱལ་སའི་ནང་གི་སྲོང་བཙན་མཐོ་རིམ་སློབ་གྲྭར་བལ་ཡུལ་ནང་གནས་བཞུགས་བོད་མི་དང་། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༡་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སྐབས། བལ་ཡུལ་གཞུང་གི་ཉེན་རྟོག་པ་སླེབས་ནས་ས་གནས་འགོ་འཛིན་གཙོས་པའི་བོད་མི་༣༠་ལྷག་བཀག་ཉར་བྱས་བ་མ་ཟད། དུས་ཆེན་སྲུང་བརྩིའི་མཛད་སྒོ་ཡང་བཀག་འགོག་མཚམས་འཇོག་བྱེད་དུ་བཅུག་འདུག
འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཉིན་ཤས་གོང་ནས། བལ་པོའི་ས་གནས་འབྲེལ་ཡོད་དཔོན་རིགས་ཚོར་སྔོན་ཚུད་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཆོག་པའི་ཆོག་མཆན་ཞུས་གནང་བ་དང་མཉམ། སྐུའི་འཁྲུངས་སྐར་དུས་ཆེན་དེ་བཞིན་བལ་ཡུལ་བོད་ཀྱི་སྲོང་བཙན་མཐོ་རིམ་སློབ་གྲའི་ནང་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་གྲུབ་ནས་ཚེས་༦ཉིན་གཞུང་འབྲེལ་མཛད་སྒོ་ཚོགས་སྐབས། བལ་ཡུལ་གཞུང་གི་ཉེན་རྟོག་པ་སླེབས་ནས་མཆོད་འཇོར་ས་གནས་འགོ་འཛིན་དང་། བོད་མི་ཁྱོན་བསྡོམས་མི་གྲངས་༣༠་ཙམ་བཀག་ཉར་བྱས་པ་མ་ཟད། ༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཞུས་པ་ཁག་བལ་པོའི་ཉེན་རྟོག་པས་མར་ཕབ་དགོས་པའི་བཙན་བཀའ་བཏང་འདུག རྗེས་སུ་གནས་ཚུལ་འབྱོར་བ་ལྟར་ན། བོད་མི་ཁོང་ཚོ་ཆུ་ཚོད་༡༠ཙམ་ལ་བཀག་ཉར་རྗེས་གློད་འདུག
དེང་སྐབས་བལ་ཡུལ་གཞུང་དང་རྒྱ་ནག་གཞུང་གཉིས་དབར་འབྲེལ་བ་བཟང་དུ་ཕྱིན་པའི་རྐྱེན་གྱིས། བལ་ཡུལ་ནང་བོད་མིའི་ཆབ་སྲིད་ལས་འགུལ་རིགས་ཡོངས་རྫོགས་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད། སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་མཚོན་པའི་བོད་མི་འདུ་འཛོམས་བྱ་རྒྱུར་ཡང་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་རེད།
འདས་པའི་ལོ་ཤས་ནང་བལ་ཡུལ་གཞུང་གིས་ལྷོད་ཡངས་ཀྱི་རྣམ་པའི་འོག་ཕྱི་ལོ་༢༠༡༣་དང་། ༢༠༡༤། ༢༠༡༥་བཅས་སོར་སོར་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རུ་བཅུག་ན་ཡང་། ད་ལོ་ཡང་བསྐྱར་རྒྱ་ནག་གཞུང་གིས་བལ་ཡུལ་ཐོག་གནོན་ཤུགས་སྤྲད་པའི་རྐྱེན་གྱིས་བོད་མི་རྣམས་ལ་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རུ་བཅུག་མེད་པ་ཚོད་དཔག་བྱེད་བཞིན་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org