ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།


2018.07.13
ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་སྐབས། ༢༠༡༨།༧།༡༡ ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་སྐབས། ༢༠༡༨།༧།༡༡
Lhuboom/RFA

ཨ་མི་རི་ཀའི་གྲོས་ཚོགས་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༣ བཞེས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
དེ་ཡང་སྤྱི་ཟླ་བདུན་པའི་ཚེས་༡༡ རེས་གཟའ་ལྷག་པའི་ཉིན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་ཞུས་ནས་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དགུང་ལོ་༨༣་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་སྐུ་མགྲོན་གཙོ་བོའི་གྲས་སུ་རྒྱལ་བ་ཀརྨ་མཆོག་དང་། ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་དབུ་ཁྲིད་དང་རྒྱུན་དུ་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཧ་ཅང་ཉེ་བ་ལྩམ་(Nancy Pelosi)མཆོག་གཙོས་པའི་གྲོས་ཚོགས་འཐུས་མི་དྲུག་ཆེད་ཕེབས་ཀྱིས་གསུང་བཤད་གནང་འདུག  
ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་(Nancy Pelosi) མཆོག་གིས། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཡིན་པ་དང་། ༧གོང་ས་མཆོག་ང་ཚོ་ཚང་མ་ལས་སྐུ་ཚེ་རིང་བ་བཞུགས་རྒྱུའི་སྨོན་འདུན་ཞུས་གནང་ཏེ་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཚོས་གུས་ཞབས་ཞུ་ཡས་གཅིག་པུ་མིན་པར་འཛམ་གླིང་ཡུལ་གྲུའི་མི་མང་པོས་གུས་ཞབས་དང་བརྩི་མཐོང་ཞུ་ཡི་ཡོད་པ་དང་། ལྷག་པར་དུ་༧གོང་ས་མཆོག་གིས་བོད་རྒྱའི་དཀའ་གནད་སེལ་ཐབས་སུ་ལམ་དབུ་མའི་ཐབས་ལམ་བཞེས་གནང་གི་ཡོད་པ་དེར་མི་མང་པོས་རྒྱབ་སྐྱོར་ཞུ་བཞིན་ཡོད་ཞེས་གསུང་འདུག
དེ་བཞིན་ད་རེས་ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩིའི་ལྷན་འཛོམས་དེའི་ཐོག་དམིགས་བསལ་སྐུ་མགྲོན་དུ། ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་ཆེད་ཕེབས་གནང་ནས་གསུངས་དོན། ང་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་དགའ་སྟོན་ལ་རོལ་བ་དང་མཉམ་སྐུ་ཉིད་ཀྱི་དགོངས་གཞི་འཛམ་གླིང་ཞི་བདེ་དང་། འགྲོ་བ་སྤྱི་ལ་བདེ་སྐྱིད་བསྐྲུན་པའི་ཆེད་ཚང་མས་མཉམ་རུབ་ཀྱི་ཐོག་ཕྱག་ལས་གནང་ཐུབ་པའི་ཆོད་སེམས་དང་དམ་བཅའ་འཇོག་ཉིན་མོ་ཆགས་ཡོད་པ་སོགས་གསུངས་ཡོད།
དེ་བཞིན་མཛད་སྒོའི་ཐོག་རྒྱ་རིགས་དམངས་གཙོ་དོན་གཉེར་བ་མི་ཉུང་བ་ཞིག་ཡང་ཕེབས་འདུག་ལ་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁྲིན་ཀོང་གྲང་གིས་རྒྱ་རིགས་ཚོའི་སྐུ་ཚབ་ཞུས་ནས་གསུང་བཤད་གནང་དོན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདས་པའི་ལོ་ངོ་བཅུ་གྲངས་ཁ་ཤས་རིང་བྱམས་སྙིང་རྗེའི་དགོངས་གཞིའི་འོག་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་བདེ་སྐྱིད་སྐྲུན་ཐབས་སྐུ་ལས་སྐྱོན་བཞིན་ཡོད་པ་དང་། རྒྱ་ནག་གི་སྤྱི་ཚོགས་ནང་༧གོང་ས་མཆོག་གི་དགོངས་གཞི་དེ་དགོས་གལ་ཆེན་པོ་ཡོད་པས་༧གོང་ས་མཆོག་གིས་རྒྱ་བོད་དཀའ་གནད་སེལ་ཐབས་སུ་འཛིན་གནང་བའི་ལམ་དབུ་མ་དེ་བཞིན་རྒྱ་མི་རིགས་མང་པོས་ཤེས་རྟོགས་དང་འདེངས་འཇོག་ཞུ་ཡི་ཡོད་པར་བརྟེན། རིང་མིན་༧གོང་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཚོ་དང་རྒྱ་ནག་གི་དམངས་གཙོའི་ལས་དོན་ཐོག་ཐུགས་ཁུར་བྱ་མཁན་རྒྱ་མི་རིགས་ཚང་མ་རང་དབང་ཐོག་ནས་རང་ཡུལ་དུ་ཕྱིར་ལོག་ཐུབ་པའི་རེ་བ་ཞུ་ཡི་ཡོད་ཞེས་གསུང་འདུག
ད་རེས་གྲོས་ཚོགས་ནང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་སྲུང་བརྩིའི་ལྷན་ཚོགས་གནང་ཡས་ཐེངས་གཉིས་པ་དེ་ཡིན་པ་དང་། སྐུ་མགྲོན་དང་གྲོས་ཚོགས་ཀྱི་ལས་བྱེད་བོད་དོན་རྒྱབ་སྐྱོར་བ་དང་བོད་མིའི་སྐུ་ཚབ་སོགས་ཁྱོན་མི་གྲངས་༢༠༠ཙམ་ཕེབས་འདུག

གསར་འགོད་པ་འཆི་མེད་དང་དཔལ་ལྡན་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎