༧གོང་ས་མཆོག་རྒྱ་གར་གྱི་གནམ་ཐང་ཁག་ནས་ཐད་ཀར་ཕེབས་ཆོག
༧གོང་ས་མཆོག་ལ་རྒྱ་གར་གྱི་གནམ་ཐང་ཁག་ནས་སྐུ་ལུས་ཞིབ་བཤེར་ཞུ་མི་དགོས་པའི་དམིགས་བསལ་མཐུན་རྐྱེན་མུ་མཐུད་གནང་བ།
-
2015-12-22 -
-
-
༧གོང་ས་མཆོག་ལ་རྒྱ་གར་གྱི་གནམ་ཐང་ཁག་ནས་སྐུ་ལུས་ཞིབ་བཤེར་ཞུ་མི་དགོས་པའི་དམིགས་བསལ་མཐུན་རྐྱེན་མུ་མཐུད་གནང་བ།
༄༅། རྒྱ་གར་གཞུང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གནམ་ཐང་ཁག་ལ་སྐུ་ལུས་ཞིབ་བཤེར་ཞུ་མི་དགོས་པའི་ཐོག་ནས་ཐད་ཀར་ཆིབས་བསྒྱུར་བསྐྱངས་ཆོག་པའི་དམིགས་བསལ་མཐུན་རྐྱེན་མུ་མཐུད་ནས་འབུལ་རྒྱུའི་ཐག་གཅོད་གནང་འདུག
དེ་ཡང་ཚེས༢༡ཉིན། The Economic Timesཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་གར་གཞུང་གིས་ཀོང་རེས་ཚོགས་པའི་ཚོགས་གཙོ་ལྕམ་Sonia Gandhi མཆོག་གི་སྲས་མོ་Priyanka Gandhiའི་སྐུ་ཟླ་Robert Vadraལ་གནམ་ཐང་ཁག་ལ་ལུས་བཤེར་གཏོང་མི་དགོས་པའི་དམིགས་བསལ་མཐུན་རྐྱེན་མུ་མཐུད་ནས་མ་གནང་ན་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཐུན་རྐྱེན་མུ་མཐུད་ནས་འབུལ་རྒྱུའི་ཐག་གཅོད་གནང་ཡོད་ཅིང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་མ་ཡིན་པར་རྒྱ་གར་གཞུང་གིས་ངོས་འཛིན་ཞུས་པའི་བོད་ཀྱི་དབུ་ཁྲིད་ཡིན་སྟབས། གོང་ཞུས་དམིགས་བསལ་མཐུན་རྐྱེན་དེ་ཕུལ་བ་ཡིན་སྐོར་འདི་ཟླའི་ཚེས་༡༤་ཉིན་རྒྱ་གར་གཞུང་གིས་ཡུལ་དེའི་མཁའ་ལམ་སྐྱེལ་འདྲེན་ལས་ཁུངས་ལ་ཕྱག་ཡིག་ཅིག་གནང་བའི་ནང་འཁོད་ཡོད་སྐོར་མཚན་འདོན་གནང་འདོད་མེད་པའི་འབྲེལ་ཡོད་རྒྱ་གར་གྱི་དཔོན་རིགས་ཤིག་གིས་གསུངས་འདུག
ལྕམ་Sonia Gandhiམཆོག་གི་སྲས་མོའི་སྐུ་ཟླ་Robert Vadraལགས་ལྕམ་Sonia Gandhiམཆོག་དང་། སྲས་མོ་Priyanka Gandhi དེ་བཞིན་སྲས་Rahul Gandhiལྷན་དུ་ཕེབས་པ་ཡིན་ན་གནམ་ཐང་ཁག་ལ་ལུས་བཤེར་གཏོང་མི་དགོས་པའི་དམིགས་བསལ་མཐུན་རྐྱེན་གནང་རྒྱུ་ཡིན་འདུག
རྒྱ་གར་གྱི་གནམ་ཐང་ཁག་ལ་ལུས་བཤེར་གཏོང་མི་དགོས་པའི་མི་སྣ་ཆེ་ཁག་༣༢་གྱི་མཚན་གཞུང་ཡོད་པའི་ཁོངས་སུ་རྒྱ་གར་གྱི་སྲིད་འཛིན་དང་། སྲིད་བློན། དབུས་གཞུང་གི་བློན་ཆེན་རྣམ་པ། ཕྱོགས་འགལ་ཚོགས་པའི་དབུ་ཁྲིད། ཁྲིམས་ཞིབ་ཆེ་བ་གཙོས་པའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་རྣམ་པ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་པ། དེ་བཞིན་གཞུང་ཚབ་རྣམས་ཀྱང་ཡོད་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།