འཛམ་གླིང་གི་བཟང་སྤྱོད་ཀྱི་རྨང་གཞི་འཛུགས་སྐྲུན་བྱེད་པར་ཚང་མས་མཉམ་རུབ་འབད་བརྩོན་གནང་དགོས། ༧གོང་ས་མཆོག་གིས།
འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་འཆམ་མཐུན་གོང་འཕེལ་གཏོང་ཆེད་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་དེང་རབས་ཀྱི་བསམ་བློ་གཉིས་ཟུང་སྦྲེལ་བྱེད་དགོས་པ་༧གོང་ས་མཆོག་གིས་བཀའ་བསྩལ་འདུག
- 2025-01-29
-
-
-
དེ་ཡང་རྒྱ་གར་ནུབ་ཕྱོགས་མ་ཧ་རཤ་ཊྲ་གྲོང་ཁྱེར་པུ་ནེ་རུ་ཕྱི་ཟླ་༡ ཚེས་༢༦ ཉིན་(Pune International Centre)་ཞེས་པ་ཉམས་ཞིབ་ཁང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་གསུང་འཕྲིན་ཞིག་བསྩལ་གནང་མཛད་ཡོད་པ་བསྟི་གནས་ཁང་དེའི་གཙོ་འཛིན་(Dr. Raghunath Mashelkar)་ལགས་ཀྱིས་སྒྲོག་སྦྱང་ཞུས་ཡོད་འདུག
གསུང་འཕྲིན་ནང་། སེམས་ཀྱི་སྦྱོང་བརྡར་དཔེར་ན། སྒོམ་རྒྱག་པ་ལྟ་བུའི་གལ་གནད་སྐོར་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ན་གཞོན་ཚོས་དུས་རབས་ཉེར་གཅིག་པ་འདི་ལེགས་པོ་ཡོང་བའི་རེ་བ་བཅངས་རྒྱུ་དང་། མཉམ་རུབ་ཀྱིས་བཟང་སྤྱོད་ཀྱི་རྨང་གཞི་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་རྒྱུར་ཚང་མས་འབད་བརྩོན་གནང་དགོས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་འཆམ་མཐུན་གོང་འཕེལ་གཏོང་ཆེད། རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་དེང་རབས་ཀྱི་བསམ་བློའི་འགྲོ་སྟངས་གཉིས་ཟུང་སྦྲེལ་བྱེད་དགོས་པ་བཀའ་སློབ་ཕེབས་ཡོད་པ་རེད།
ད་དུང་གསུང་འཕྲིན་ནང་། པུ་ནེའི་ཤེས་ཡོན་ལྡན་པའི་ཁོར་ཡུག་གི་ལས་དོན་ཁག་ལ་བསྔགས་བརྗོད་མཛད་ཅིང་། (Pune International Centre)་ཉམས་ཞིབ་ཁང་དེ་ནི་ས་གནས་དང་རྒྱལ་ཡོངས་ཀྱི་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་གལ་ཆེན་ཁག་གི་ཐོག་བགྲོ་གླེང་བྱེད་སའི་སྡིངས་ཆར་གྱུར་ཡོད་པ་བཀའ་གནང་འདུག
ཉམས་ཞིབ་ཁང་དེའི་གཙོ་འཛིན་གཞོན་པ་(Dr. Vijay Kelkar)་ལགས་ཀྱིས། བསྟི་གནས་ཁང་འདི་ནི། རང་དབང་ཅན་གྱི་ཉམས་ཞིབ་ཁང་ངམ་བསམ་བློའི་བང་མཛོད་ཅིག་ཡིན་པ་གསུངས་ཤིང་། དེ་བཞིན་གྱི་ལས་བྱེད་སློབ་དཔོན་(Dr. Ravi Pandit)་ལགས་ཀྱིས་རང་དབང་ཅན་དང་། དངོས་ཡོད་གནས་ཚུལ། ལག་ལེན་བསྟར་ཐུབ་པའི་སྲིད་བྱུས་གསར་སྐྲུན་ཐོག་གཙུག་ལག་སློབ་གྲྭའི་དམིགས་ཡུལ་གཙོ་བོ་བཟུང་ཡོད་པར་ནན་གསུངས་གནང་ཡོད་འདུག།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།