༧གོང་ས་མཆོག་གིས་ཉི་ཧོང་དུ་སློབ་ཕྲུག་ཚོར་བཀའ་སློབ་གནང་བ།

དུས་རབས་ཉི་ཤུ་རྩ་གཅིག་པ་འདི་བཞིན་ཞི་བདེ་ལྡན་པ་བཟོ་རྒྱུར་སློབ་ཕྲུག་ཚོར་ལས་འགན་དམིགས་བསལ་ཡོད་པ་གསུངས་འདུག

༧གོང་ས་མཆོག་གིས་ཉི་ཧོང་གི་ཨོ་ས་ཀ་གྲོང་ཁྱེར་གྱི་ནང་ཡོད་པའི་སེའི་ཕྷུ་སློབ་གྲྭ་ཆེ་བའི་སློབ་ཕྲུག་ཚོར་བཀའ་སློབ་གནང་སྐབས། ༢༠༡༦།༡༡།༡༠ OHHDL

དུས་རབས་ཉི་ཤུ་རྩ་གཅིག་པ་འདི་བཞིན་ཞི་བདེ་ལྡན་པ་བཟོ་རྒྱུར་སློབ་ཕྲུག་ཚོར་ལས་འགན་དམིགས་བསལ་ཡོད་པ་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་ཚེས་༡༠་ཉིན་ཉི་ཧོང་གི་ཨོ་ས་ཀ་གྲོང་ཁྱེར་གྱི་ནང་ཡོད་པའི་སེའི་ཕྷུ་སློབ་གྲྭ་ཆེ་བའི་སློབ་ཕྲུག་ཚོར་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་ཚོར་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་བཞིན་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུར་སློབ་ཕྲུག་ཚོར་ལས་འགན་དམིགས་བསལ་ཡོད་པ་དང་། གཞན་དོན་འཁུར་བསྐྱེད་ཀྱི་བསམ་བློའི་ཐོག་ནས་རང་དང་གཞན་ལ་བདེ་སྐྱིད་འབྱུང་ཐབས་བྱེད་དགོས་པའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད།
ད་དུང་གྲོང་ཁྱེར་ཨོ་ས་ཀར་ཉི་ཧོང་གི་ཨ་ས་ཧི་གསར་ལས་ཁང་དང་TBS་གསར་ལས་ཁང་གི་བརྙན་འཕྲིན་ལས་རིམ་ཐོག་བཅར་འདྲི་བཀའ་ལན་མཛད་འདུག་ཅིང་། སང་ཉིན་ཕྱི་ཚེས་ ༡༡་ཉིན་སེཡི་ཕྷུ་སློབ་གྲྭ་ཆེན་མོའི་ཚོགས་ཁང་ཆེན་མོའི་ནང་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་མཇུག་ཆེན་མོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་ཉི་ཧོང་གི་ཆིབས་བསྒྱུར་འདི་ནི་ཐེངས་༢༣་པ་དེ་ཡིན་པ་དང་། ཉི་ཧོང་གི་ཆིབས་བསྒྱུར་དང་པོ་དེ་ཕྱི་ལོ་༡༩༦༧་ལོར་གནང་ཡོད་པ་རེད།
སང་ཉིན་ཕྱི་ཚེས་༡༡་ཉིན་སྤྱོད་མཇུག་ཆེན་མོའི་གསུང་ཆོས་མུ་འཐུད་སྩོལ་རྒྱུ་དང་། ཕྱི་ཚེས་ ༡༣་ཉིན་སྒྲོལ་མ་ཙིཏྟ་མ་ཎིའི་ཐོུང་དང་ཐོུང་མ་ཡིན་པའི་རྗེས་གནང་སྩོལ་རྒྱུ་ཡིན་འདུག
ཉི་ཧོང་གཞོན་སྐྱེས་ཚོའི་ཁྲོད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དད་གུས་ཞུ་མཁན་དང་བོད་ཀྱི་ནང་ཆོས་རིག་གཞུང་ལ་དོ་སྣང་བྱ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།  
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༨་ཉིན་ཉི་ཧོང་དུ་ཞབས་སོར་འཁོད་གནང་མཛད་དེ། ཐོག་མར་ཉི་ཧོང་གི་རྒྱལ་ས་རྙིང་པ་ཀྱོ་རྡོའི་ནང་། ནང་ཆོས་ཀྱི་ངོ་སྤྲོད་དང་ནང་ཆོས་ཐོག་བགྲོ་གླེང་སོགས་ཀྱི་མཛད་འཆར་ཁག་གཅིག་གྲུབ་རྗེས། མེ་འཁོར་བརྒྱུད་གྲོང་ཁྱེར་ཨོ་ས་ཀར་ཞབས་སོར་འཁོད་གནང་མཛད་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org