རྒྱ་གར་ནང་གནམ་གྲུ་བརྡབ་སྐྱོན་གྱི་དོན་རྐྱེན་ཐད་༧གོང་ས་མཆོག་གིས་ཐུགས་གསོ་བསྩལ་འདུག

རྒྱ་གར་གྱི་རྒྱལ་སྲུང་སྤྱི་ཁྱབ་དམག་སྤྱི་ཆེན་མོ་སྐུ་ཞབས་བྷེ་པིན་ར་ཝཌ་ལགས་གནམ་གྲུ་བརྡབ་སྐྱོན་གྱི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་པར་༧གོང་ས་མཆོག་གིས་ཐུགས་གསོ་བསྩལ་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག OHHDL

འདི་ཚེས་༨་ཉིན་རྒྱབ་རྒྱ་གར་གྱི་རྒྱལ་སྲུང་སྤྱི་ཁྱབ་དམག་སྤྱི་ཆེན་མོ་སྐུ་ཞབས་བྷེ་པིན་ར་ཝཌ་(General Bipin Rawat)་ལགས་དང་ཁོང་གི་སྐུ་ཟླ། གཞན་མི་གྲངས་༡༡་བཅས་(Mi-17V5)་རྟགས་ཅན་གྱི་དམག་གི་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་གྱི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་པར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག་པ་དེའི་ནང་། རྒྱ་གར་གྱི་རྒྱལ་སྲུང་སྤྱི་ཁྱབ་དམག་སྤྱི་བྷེ་པིན་ར་ཝཌ་(General Bipin Rawat)་ལགས་གཙོས་པའི་ཁོང་གི་རོགས་ཟླ་གཞན་ཁག་ཅིག་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་བྱུང་ནས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་གོ་ཐོས་བྱུང་བས། ཧ་ཅང་གི་བློ་ཕམ་བྱུང་ཡོད་པ་བཀའ་གནང་ཞིང་། རྐྱེན་ངན་གོད་ཆག་འདིའི་ཁྲོད་འདས་གྲོངས་སུ་ཕྱིན་པའི་དམག་སྤྱི་ཁོང་གཙོས་པའི་ཁོང་གི་ཕྱག་རོགས་རྣམ་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་ཡོང་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག་པ་དང་། རྒྱ་གར་གྱི་རྒྱལ་སྲུང་སྤྱི་ཁྱབ་དམག་སྤྱི་ཁོང་གིས་རྒྱལ་ཁབ་ཀྱི་ཆེད་དུ་ཡུན་རིང་ཞབས་འདེགས་ཞུས་བར་གུས་འདུད་ཞུ་ཡིན་ཞེས་འཁོད་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་(Twitter)་སྟེང་རྒྱ་གར་གྱི་རྒྱལ་སྲུང་སྤྱི་ཁྱབ་དམག་སྤྱི་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུས་འདུག་པ་དེའི་ནང་། རྒྱ་གར་གྱི་རྒྱལ་སྲུང་སྤྱི་ཁྱབ་དམག་སྤྱི་སྐུ་ཞབས་བྷེ་པིན་ར་ཝཌ་ལགས་དང་ཁོང་གི་བཟའ་ཟླ། དེ་བཞིན་རྒྱལ་སྲུང་དང་འབྲེལ་བའི་གཞུང་འབྲེལ་མི་སྣ་ཁག་ཅིག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོས་མ་ཐག་ཏུ་ངོས་རང་ཧ་ཅང་གི་བློ་ཕམ་བྱུང་ཞིང་། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་རྒྱ་གར་དང་རྒྱ་གར་གྱི་དམག་དཔུང་ཕྱོགས་སུ་ལངས་ཏེ་གྱོང་གུད་དེར་མྱ་ངན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
ཡང་དེ་དང་ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཞིང་། ལྷག་པར་དུ་ཁ་སྔོན་སྤྱི་ཟླ་༡༡་གི་འགོ་སྟོད་ལ། དམ་པ་ཁོང་གིས་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཡིན་པ་ངོས་འཛིན་དགོས་གལ་ཆེ་བའི་སྐོར་གསུངས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་དམག་སྤྱི་ཁོང་འདས་གྲོངས་སུ་ཕྱིན་པར་རྒྱ་གར་གྱི་སྲིད་བློན་མོ་ན་རིན་དི་རཱ་མོ་དྷི་མཆོག་གིས་ཐུགས་གསོའི་གསུང་འཕྲིན་གནང་བའི་ནང་། དམ་པ་ཁོང་ནི་རྒྱལ་ཁབ་ལ་ལ་རྒྱ་ཅན་ཞིག་ཡིན་ཞིང་། དམ་པ་ཁོང་གིས་རྒྱ་གར་གྱི་དམག་དཔུང་དེ་དེང་རབས་ཅན་དུ་གྱུར་བཞིན་པའི་དུས་སྐབས་ཤིག་ཀྱང་ཡིན་པ་མ་ཟད། དམག་དོན་ཐབས་བྱུས་ཐོག་ལ་དམིགས་བསལ་གྱི་ནུས་པ་ཡོད་པས། ཁོང་འདས་གྲོངས་སུ་ཕྱིན་པར་ངོས་ཧ་ཅང་གི་བློ་ཕམ་བྱུང་ཞེས་འཁོད་འདུག
(Mi-17V5)་རྟགས་ཅན་གྱི་དམག་དོན་ཐད་འཕུར་གནམ་གྲུ་དེ་རྒྱ་གར་ལྷོ་ཕྱོགས་(Tamil Nadu)་མངའ་སྡེའི་ནང་ཆགས་པའི་(Sulur)་སུ་ལུར་མཁའ་དམག་ལྟེ་གནས་ནས་མངའ་སྡེ་དེའི་(Wellington Town)་ཞེས་པའི་གྲོང་སྡེའི་ཕྱོགས་སུ་འཕུར་བསྐྱོད་བྱེད་བཞིན་པའི་སྐབས་བརྡབ་སྐྱོན་བྱུང་འདུག་པ་དང་། ད་ལྟའི་ཆར་བརྡབ་སྐྱོན་གྱི་བྱུང་རྐྱེན་གཙོ་བོ་གང་ཡིན་མིན་གནས་ཚུལ་ཁ་གསལ་མིན་འདུག འོན་ཀྱང་། རྒྱ་གར་གཞུང་ཕྱོགས་ནས་གོད་ཆག་དེ་དང་འབྲེལ་བའི་གནད་དོན་ཐོག་ཞིབ་འཇུག་གནང་གཏན་འཁེལ་འདུག


དགུང་ལོ་༦༣་ལ་སོན་པའི་རྒྱ་གར་གྱི་རྒྱལ་སྲུང་སྤྱི་ཁྱབ་དམག་སྤྱི་སྐུ་ཞབས་བྷེ་པིན་ར་ཝཌ་(General Bipin Rawat)་ལགས་ནི་རྒྱ་གར་བྱང་ཕྱོགས་(Uttarakhand)་མངའ་སྡེའི་ནང་སྐྱེས་ཤིང་། ལོ་ངོ་༤༠་ལྷག་རིང་རྒྱ་གར་གྱི་དམག་དཔུང་ཁོངས་སུ་སྲི་ཞུ་བསྒྲུབ་འདུག་ཅིང་། ཁོང་གི་མི་རབས་གོང་མ་འགའ་ཞིག་རྒྱ་གར་གྱི་དམག་དཔུང་ཁོངས་སུ་ཞུགས་ཏེ་རྒྱལ་ཁབ་ལ་སྲི་ཞུ་བསྒྲུབས་ཡོད་པ་ལོ་རྒྱུས་ནང་གསལ་འདུག་ལ། སྤྱི་ལོ་༢༠༡༩་ལོར་རྒྱ་གར་གྱི་སྲིད་བློན་ན་རིན་དྷི་ར་མོ་དྷི་མཆོག་གིས་ཁོང་རྒྱ་གར་གྱི་རྒྱལ་སྲུང་སྤྱི་ཁྱབ་དམག་སྤྱིར་བསྐོ་བཞག་གནང་པ་དེ་ནི་ཁོང་རྒྱ་གར་གྱི་རྒྱལ་སྲུང་སྤྱི་ཁྱབ་དམག་སྤྱི་ཐོག་མ་དེ་ཆགས་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org