རྒྱ་ནག་གཞུང་གིས་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་བྱུས་འཆར་གཞི་འཐེན་བཞིན་ཡོད་འདུག

2022.10.05
རྒྱ་ནག་གཞུང་གིས་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་བྱུས་འཆར་གཞི་འཐེན་བཞིན་ཡོད་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་རྒྱུའི་འཆར་གཞི་འཐེན་བཞིན་པ་དཔང་རྟགས་ར་སྤྲོད་བྱུང་ཡོད་པ་དང་། དེ་འདྲའི་ཐེ་བྱུས་འོག་རྒྱ་ནག་གཞུང་གིས་མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་ཡིན་ཚུལ་གྱིས་འདེམས་བསྐོ་བྱས་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ལེན་ནམ་ཡང་བྱེད་རྒྱུ་མེད་པའི་སྐུལ་མ་བྱས་འདུག
དེ་ཡང་ཕྱི་ཚེས་༤ཉིན་ཨ་རིའི་ནང་རྟེན་གཞི་བྱས་པའི་(Tibet Justice Center)་འམ་བོད་དྲང་བདེན་ལྟེ་གནས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གཉིས་ཀྱིས་བོད་དང་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཡུལ་བབ་ཆབ་སྲིད་ཀྱི་སྲིད་ཇུས་ཅེས་འགོ་བརྗོད་དུ་འཁོད་པའི་ཤོག་གྲངས་༣༠ཅན་གྱི་ཉམས་ཞིབ་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་། རྒྱ་ནག་གཞུང་གིས་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མ་དགོངས་པ་རྫོགས་པའི་དུས་དེར། བོད་དོན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་མཚམས་འཇོག་འབྱུང་ཐབས་སླད་ལོ་རྒྱུས་རང་བཞིན་ལྡན་པའི་གོ་སྐབས་ཞིག་ལ་ངོས་འཛིན་གྱིས་ཏཱ་ལའི་བླ་མའི་ཡང་སྲིད་ལ་ད་ལྟ་ནས་ཐེ་བྱུས་བྱ་རྒྱུའི་ཐབས་ཇུས་འཐེན་བཞིན་ཡོད་པ་གསལ་འདུག
ད་དུང་གོང་གསལ་ལྟེ་གནས་ཁང་གི་ཉམས་ཞིབ་པས། དེ་སྔོན་ཤེས་རྟོགས་མ་བྱུང་བའི་རྒྱ་ནག་གཞུང་གི་སྲིད་ཇུས་ཀྱི་ཡིག་ཆ་ཁག་གཉིས་ལག་སོན་བྱུང་བའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་དང་བཅས་པར་དོ་དམ་སྟངས་འཛིན་གྱིས་བོད་དེ་བཞིན་རྒྱ་ཧན་མི་རིགས་དང་མཉམ་བསྲེས་གཏོང་ཐབས་དང་ཆབས་ཅིག རྒྱལ་སྤྱིའི་ཐོག་བོད་བརྒྱུད་ནང་ཆོས་ལ་དད་པ་ལྡན་པའི་སྤྱི་ཚོགས་ལ་ཤུགས་རྐྱེན་སྤྲོད་ཆེད། ཆབ་སྲིད་དང་ཆོས་ཕྱོགས་གཉིས་ཐད་ནས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་བྱ་རྒྱུར་གོ་རིམ་དང་འཆར་གཞི་ལྡན་པའི་སྒོ་ནས་གྲ་སྒྲིག་བྱེད་བཞིན་ཡོད་པ་ཐེར་འདོན་བྱས་འདུག
རྒྱ་ནག་གི་སྲིད་ཇུས་དང་འབྲེལ་བའི་ཡིག་ཆ་གཅིག་གི་ནང་། ཏཱ་ལའི་བླ་མ་དགོངས་པ་རྫོགས་པའི་ཉིན་མོ་དེ་བཞིན་བོད་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནས་ཚུལ་བརྒྱུད་བསྒྲགས་བྱེད་ཕྱོགས་ཀྱི་ཐད་ནས་རྒྱ་ནག་ལ་གོ་སྐབས་གསར་པ་དང་བཟང་པོ་ཞིག་ཡིན་ལུགས་དང་། ཡིག་ཆ་གཉིས་པ་དེའི་ནང་། སྐབས་དེར་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་གྱི་ཐད་ལ་གླེང་སློང་འབྱུང་ངེས་ཡིན་ཡང་དེ་ནི་རྒྱ་ནག་ལ་གོ་སྐབས་ཞིག་ཀྱང་ཡིན་ལུགས་གསལ་ཡོད་འདུག
བོད་དྲང་བདེན་ལྟེ་གནས་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གཉིས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་རྒྱ་ནག་གཞུང་གིས་དེར་ཐེ་ཇུས་སྐོར་གྱི་སྙན་ཐོ་དེ་བཞིན་འདི་ཚེས་༤ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༥༡པའི་སྐབས་དང་བསྟུན། ཨ་རི་དང་དབྱིན་ཡུལ། ཁེ་ཎ་ཌ། ཅེག་སྤྱི་མཐུན་རྒྱལ་ཁབ། (Lithuania)་རྒྱལ་ཁབ་བཅས་ཟུར་དུ་སྐོང་ཚོགས་གནང་པའི་ཚོགས་འདུའི་ཐོག་འདོན་སྤེལ་གནང་ཡོད་པ་རེད། ཚོགས་འདུ་དེའི་ཐོག་ཨ་རིའི་བོད་དོན་ཐད་ཀྱི་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་མཆོག་མཉམ་ཞུགས་གནང་ཡོད་པ་དང་། ཁོང་གིས། ང་ཚོའི་ངོས་ནས་བོད་མིའི་སྤྱི་ཚོགས་ཀྱིས་རང་རང་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་རྒྱུའི་མཚོན་པས་ཆོས་དད་རང་དབང་ལ་རྒྱབ་སྐྱོར་མུ་མཐུད་དུ་ཞུ་རྒྱུ་ཡིན་ཞེས་ཁོང་གི་(twitter)་དྲ་ལམ་དུ་བཀོད་སྤེལ་གནང་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎