ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག

ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་དབྱེ་བ་འབྱེད་པ་ནི་འགྲོ་བ་མིའི་དཀའ་རྙོག་གི་འབྱུང་ཁུངས་ཆགས་ཡོད་ཅེས་༧གོང་ས་མཆོག་གིས་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་པ་ཁག་ཅིག་ལ་བཀའ་བསྩལ་འདུག

ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས། ༠༤།༢༤།༢༠༢༣ OHHDL

ཡོ་རོབ་ཧྥ་རན་སིའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་གནང་སྟེ། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་གསུམ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས། སྤྱི་ཟླ་༤པའི་ཚེས་༢༤ཉིན་བཞུགས་སྒར་ཕོ་བྲང་དུ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་ཁོང་ཚོར་༧གོང་ས་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་པ་དང་། ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་དབྱེ་འབྱེད་བྱེད་པ་ནི། འགྲོ་བ་མིའི་དཀའ་རྙོག་གི་འབྱུང་ཁུངས་ཆགས་ཡོད་པ་བཀའ་བསྩལ་འདུག
༧གོང་ས་མཆོག་གིས། ང་ཚོས་འཛམ་གླིང་འདི་མིང་དོན་མཚུངས་པའི་ཞི་བདེ་ཡོང་ཐབས་སུ་བསམ་བློ་གཏོང་དགོས་པ་རེད། འགྲོ་བ་མིས་བཟོས་པའི་དཀའ་རྙོག་གི་འབྱུང་ཁུངས་ནི། ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་དབྱེ་འབྱེད་བྱས་པར་བརྟེན་ནས་ཡོང་གི་ཡོད་པས། ད་ཆ་ང་ཚོ་འགྲོ་བ་མི་ཐེར་འབུམ་བདུན་ནས་བརྒྱད་ཡོད་པ་ཆ་ཚང་གཅིག་གྱུར་ཡིན་པའི་བསམ་བློ་གཏོང་རན་རེད།
ངོས་རང་གིས་ཆོད་སེམས་བརྟན་པོའི་སྒོ་ནས་ཞོགས་པ་གཉིད་སད་མ་ཐག་ནས་བཟུང་། འགྲོ་བ་མི་ཐེར་བདུན་བརྒྱད་པོ་ཚང་མ་གཅིག་པ་ཡིན་པར་བསམ་བློ་གཏོང་གི་ཡོད། ང་ཚོ་ཚང་མས་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་བསྐྱལ་འདོད་ཡོད་ཅིང་། རང་བཞིན་ལྷན་སྐྱེས་སུ་ང་ཚོ་ཚང་མའི་རྒྱུད་ལ་བྱམས་བརྩེ་དང་སྙིང་རྗེའི་བསམ་པ་མངའ། འོན་ཀྱང་། ང་ཚོ་སློབ་གྲྭར་ཞུགས་པ་ནས་བཟུང་། རྒྱལ་ཁབ་འདི་དང་ཆོས་ལུགས་འདི་དང་དེ་ལ་སོགས་པའི་དབྱེ་བ་ཕྱེས་ཡོང་ཡོད་པ་དེ། དཀའ་རྙོག་གི་འབྱུང་ཁུངས་དང་རྐྱེན་རྩ་དེ་ཆགས་ཡོད་ཅེས་བཀའ་བསྩལ་འདུག
མཇལ་ཁའི་རྗེས་ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བའི་ཚོགས་གཙོ་(Senator Jacqueline Eustache Brinio)་ལགས་ཀྱིས། ཧྥ་རན་སིས་བོད་དོན་རྒྱབ་སྐྱོར་གནང་གི་ཡོད་པ་དང་། གནང་དགོས་ངེས་ཡིན་པ་གསལ་སྟོན་གྱི་ཆེད་ཁོང་ཚོ་ཡོང་བ་ཡིན། ཁོང་གིས་ད་རེས་གཙོ་ཆེར་བོད་ནང་དང་རྒྱལ་སྤྱིའི་ཁྱོན་གྱི་བོད་དོན་གནས་ཚུལ་རྒྱུས་ལོན་ཆེད་དུ་དང་། དེ་བཞིན་བོད་དོན་ལ་རྒྱབ་སྐྱོར་གལ་གནད་ཅི་དགོས་ཤེས་རྟོགས་ཆེད་ཡོང་བ་དང་། ང་ཚོས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་ཐ་གཅིག་ཏུ་བྱེད་ཀྱི་ཡོད་པ་མ་ཟད། ཧྥ་རན་སིས་བོད་དོན་རྒྱབ་སྐྱོར་བྱེད་བཞིན་པ་དང་བྱེད་དགོས་ངེས་ཡིན་པ་སོགས་གསལ་སྟོན་བྱ་རྒྱུ་ཧ་ཅང་གལ་ཆེན་ལ་བརྟེན། བོད་མི་ཚོར་ཐུག་འཕྲད་དང་རྒྱབ་སྐྱོར་མཚོན་པར་ཡོང་བ་འགྲེལ་བརྗོད་གནང་བྱུང་།
ཡང་གྲོས་ཚོགས་འཐུས་མི་(Else Joseph)་ལགས་ནས་ཀྱང་། བོད་མིའི་འཐབ་རྩོད་ནི་སེམས་ཤུགས་སྐྱེ་གཞི་དང་རླབས་ཆེན་གྱི་འཐབ་རྩོད་ཅིག་རེད་མོད། ང་རང་གིས་དེ་ལས་ཤུགས་ཆེར་ཧྥ་རན་སིའི་ནང་བོད་དོན་རྒྱབ་སྐྱོར་བྱ་འདུན་དང་རྒྱ་ནག་གདོང་ལེན་བྱེད་འཆར་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག


ཁོང་ཚོ་མཉམ་དུ་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་(Olivier Rietmann)་ལགས་ཆེད་བཅར་གནང་ཡོད་པ་དང་། ཁོང་རྣམ་པས་ཧྥ་རན་སིའི་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་༢༠ཡོད་པ་ཚང་མའི་སྐུ་ཚབ་གནང་སྟེ་ཕེབས་པ་ཞིག་དང་། ཁོང་རྣམ་པ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བཀའ་བློན་ནོར་འཛིན་སྒྲོལ་མ་བཅས་ལ་མཇལ་འཕྲད་གནང་བ་མ་ཟད། སྤྱི་ཚེས་༢༡ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་སོགས་ལ་མཇལ་འཕྲད་ཀྱིས། རྒྱ་ནག་གཞུང་གིས་བོད་ཕྲུག་མང་པོ་བཅའ་སྡོད་སློབ་གྲྭར་བཅུག་ནས་རྒྱ་ཧན་མི་རིགས་ལ་བསྒྱུར་བའི་སློབ་གསོ་སྤེལ་བཞིན་པར། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་རྣམ་པ་ཧ་ཅང་བློ་འཚབ་ཀྱི་རྣམ་འགྱུར་བསྟན་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org