བལ་ཡུལ་གཞུང་འཛིན་པ་དང་མའོ་ཚོགས་པའི་བར་གྲོས་མཐུན།

བལ་ཡུལ་གཞུང་འཛིན་ཚོགས་པ་དང་དམར་ཤོག་མའོ་ཚོགས་པའི་དབར་དོན་ཚན་གསུམ་ཅན་གྱི་གྲོས་མཐུན་འཇོག་ཐུབ་པའི་སྐོར།

༄༅༎བལ་ཡུལ་གཞུང་འཛིན་ཚོགས་པ་དང་དམར་ཤོག་མའོ་ཚོགས་པའི་དབར་དོན་ཚན་གསུམ་ཅན་གྱི་གྲོས་མཐུན་འཇོག་ཐུབ་པ་དེས་བལ་ཡུལ་ནང་ད་ཡོད་སྲིད་དོན་ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་ལས་གྲོལ་རྒྱུའི་ཆ་རྐྱེན་འགྱུར་ངེས་ཡིན་ལུགས་དམར་ཤོག་མའོ་ཚོགས་པའི་འགོ་ཁྲིད་པུཤི་པ་ཀ་མལ་རྡ་ཧལ་གྱིས་གསུངས་གནང་འདུག

ཡང་འདི་ལོའི་ཕྱི་ཟླ་༥་པའི་ཚེས་༢༨་ནང་ཚུད་དུ་བལ་ཡུལ་གྱི་རྩ་ཁྲིམས་ཟིན་བྲིས་མཇུག་བསྒྲིལ་ཐུབ་རྒྱུ་ཡིན་ལུགས་གསུངས་འདུག  འོན་ཀྱང་འབྱུང་འགྱུར་གྱི་ཟླ་ཤས་ནང་གསར་བརྗེར་ངོ་ལོག་པ་དང་གསར་བརྗེར་རྒྱབ་སྐྱོར་བྱེད་མིའི་དབར་འཐབ་རྩོད་ཡོང་ངེས་ཡིན་ལུགས་འགྲེལ་བརྗོད་གནང་འདུག བལ་ཡུལ་ནང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ལས་དུས་རྫོགས་ཏེ་དོན་གཅོད་ཕྱིར་ལོག་ཟིན་པའི་ལས་དོན་མཇུག་སྐྱོང་བྱེད་པོར་མི་འགྲོའི་ཐད། དམིགས་བལ་ཚོགས་ཆུང་ནས་མི་འགྲོ་གསུམ་དང་། འཛིན་སྐྱོང་ལས་ཁུངས་ཀྱི་ཚན་ཁག་ནས་སྐུ་ཚབ་གསུམ་བཅས་ཁྱོན་མི་གྲངས་དྲུག་ཡོད་པའི་ཚོགས་ཆུང་ནས་རྒྱལ་ཚོགས་སྐུ་ཚབ་དོན་གཅོད་ཀྱི་ལས་དོན་མཇུག་སྐྱོང་གནང་རྒྱུ་སོགས་དོན་ཚན་གསུམ་ཅན་གྱི་གྲོས་མཐུན་འཇོག་ཐུབ་ཡོད་པ་རེད།   

འོན་ཀྱང་བལ་ཡུལ་གྱི་རྩ་ཁྲིམས་ཟིན་བྲིས་འཐུས་མིའི་ལྷན་ཚོགས་ཀྱིས་འདས་པའི་ཟླ་དྲུག་ལྷག་གི་ནང་སྲིད་བློན་འོས་བསྡུ་ཐེངས་༡༦་གནང་ཡང་སྲིད་བློན་འོས་འདེམས་གནང་ཐུབ་མེད་ཅིང་། ད་ཆ་འགོ་ཁྲིད་རིམ་པ་གཉིས་པའི་གྲལ་ནས་འོས་མི་གསར་པ་མིང་འདོན་བྱུང་བའི་ཁོངས་ནས་དམར་ཤོག་མའོ་ཚོགས་པའི་ཚོགས་མི་ སྦ་སྦུ་རམ་སྦ་ཊ་རའེ་ལ་འོས་མིར་བཞུགས་མི་གསར་འགོད་པས་བཀའ་འདྲི་ཞུས་པའི་ལན་དུ་ཚོགས་པས་མོས་མཐུན་གནང་སྟེ་ཐག་གཅོད་བྱུང་ན་འོས་མིར་བཞུགས་བློ་ཡོད་ལུགས་གཏམ་བཤད་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org