བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོར་ས་ཁུལ་ཁག་༤༣ནས་ཕ་མ་དང་ཕ་མའི་འཐུས་ཚབ་འཛོམས་འདུག
-
2015-08-11 -
-
-
Your browser doesn’t support HTML5 audio
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོར་ས་ཁུལ་ཁག་༤༣ནས་ཕ་མ་དང་ཕ་མའི་འཐུས་ཚབ་འཛོམས་འདུག དེའི་སྐོར་བཞུགས་སྒར་དུ་ཡོད་པའི་ང་ཚོའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ཟླ་༨ཚེས་༡༡ནས་༡༣ བར་གྱི་ཉིན་གྲངས་གསུམ་རིང་རྡ་ཤོད་བོད་ཁྱིམ་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་བཞིན་ཡོད་པ་དང་། དེ་རིང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གི་གཙོས་ཤེས་རིག་བཀའ་བློན་དང་། དྲུང་ཆེ། ནང་སྲིད་དྲུང་ཆེ། མ་སུ་རི་བོད་ཁྱིམ་གྱི་འགན་འཛིན་དང་སྤྱི་ཁྱབ་འགན་འཛིན། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན། རྡ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་དང་། དགེ་རྒན་ཆེ་མོ་། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་པ་དང་། བཙན་བྱོལ་བོད་མིའི་ས་ཁུལ་ཁག་༤༣ནས་ཕ་མ་དང་ཕ་མའི་འཐུས་ཚབ་བཅས་ཚོགས་བཅར་བ་༢༥༠དང་། གསར་འགོད་པ་བཅས་ཁྱོན་མི་གྲངས་༣༠༠ཙམ་འདུ་འཛོམས་བྱུང་ཡོད་པ་རེད།
དབུ་འབྱེད་མཛད་སྒོའི་ཐོག་མར་སྲིད་སྐྱོང་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་བ་དང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་མཁན་འདས་སོན་ཡོངས་ལ་རྗེས་དྲན་ཆེད་སྐར་མ་གཅིག་རིང་ངག་བཅད་གུས་འདུད་ཞུས་རྗེས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
ཤེས་རིག་བཀའ་བློན་མཆོག་གི་གཏམ་བཤད་ནང་། བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་ནི་གལ་ཆེར་ངོས་འཛིན་གནང་བ་བཞིན། ཤེས་ཡོན་ཕུན་སུམ་ཚོགས་པོ་ཞིག་ཡོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་སློབ་མ་དང་དགེ་རྒན། འཛིན་སྐྱོང་དང་ཕ་མ་བཞི་པོ་ཚང་དགོས་པ་ནི་ཁ་བྲལ་ཐབས་མེད་པ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད། ཆ་རྐྱེན་བཞི་པོ་དེ་དག་སྲ་བརྟན་ཞིག་མེད་ན་ཤེས་ཡོན་ཡག་པོ་ཞིག་ཡོང་ཐུབ་ཐབས་མེད་པ་དང་། དེའི་ཐོག་ཤེས་ཡོན་ཕུན་སུམ་ཚོགས་པའམ་རྩེ་ཕུད་ཅིག་ཡོང་ཐུབ་པར་ཡང་འཛིན་སྐྱོང་གི་རྒྱབ་བརྟེན་དང་། ཕ་མའི་མཉམ་རུབ་ཀྱི་ལས་དོན་ཡང་གལ་ཆེན་པོ་ཞིག་ཡིན་པ་རེད། ཤེས་ཡོན་གྱི་སློབ་གསོ་སྲ་བརྟན་ཡོང་བར་ཚང་མས་ཆ་རྐྱེན་བཞི་ཀའི་ཐོག་ཤུགས་སྣོན་སྐྱོན་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཞིག་བྱུང་བ་ཡིན་ཚེ་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་ཐུབ་པའི་ཆ་རྐྱེན་དང་། བོད་མི་རིགས་ཀྱི་རྩ་དོན་ཧྲ་ཏག་ཏག་ངང་སྒྲུབ་ཐུབ་པའི་ཆ་རྐྱེན། རྒྱ་མི་ཡིན་ནའང་དོགས་གཟོན་བྱ་དགོས་པའི་ཆ་རྐྱེན་ཞིག་ཆགས་རྒྱུ་ཡིན་པར་བརྟེན་ནས་ཚང་མས་ནུས་པ་གཅིག་ཏུ་སྒྲིལ་ཏེ་འབད་བརྩོན་གནང་རྒྱུ་གལ་ཆེར་གཟིགས་ཀྱི་ཡོད་པའི་སྐོར་སོགས་གཏམ་བཤད་གནང་ཡོད་པ་རེད།
དེ་རྗེས་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་འགྲོ་བར་མཛུབ་མོ་ལྔ་ལྡན་གྱི་མཐུན་རྐྱེན་ཚང་དགོས་བ་སོགས་དཔེ་མཚོན་དང་བཅས་གསུང་བཤད་གནང་བའི་རྗེས་ཉིན་དང་པོའི་ཚོགས་ཆེན་གྱི་མཛད་སྒོ་མཇུག་སྒྲིལ་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།