ཉི་ཧོང་གི་སྲིད་བློན་ཟུར་པ་རྐྱེན་འདས་སུ་ཕྱིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་གནང་འདུག

ཡུན་རིང་བོད་དོན་རྒྱབ་སྐྱོར་བ་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་(Shinzo Abe)་གློ་བུར་དུ་དགོངས་པ་རྫོགས་པར་ཧ་ཅང་གི་བློ་ཕམ་བྱུང་བ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་ཡོད་པ་རེད།

ཉི་ཧོང་གི་སྲིད་བློན་ཟུར་པ་རྐྱེན་འདས་སུ་ཕྱིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་གནང་སྐབས། ༠༧།༡༡།༢༠༢༢ CTA

ཉེ་ལམ་སྤྱི་ཟླ་༧པའི་ཚེས་༨ཉིན་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་(Shinzo Abe)་ལགས་ཀྱིས། ཉི་ཧོང་གི་གུ་ཡངས་མང་གཙོ་ཚོགས་པར་རྒྱབ་སྐྱོར་གྱིས་ཡུལ་དེའི་ནང་འོས་བསྡུའི་དྲིལ་བསྒྲགས་གཏམ་བཤད་གནང་བཞིན་པའི་སྐབས། ལོ་༤༡ཡིན་པའི་མི་ཞིག་གིས་རྒྱབ་ནས་མེ་མདའ་བརྒྱབ་པའི་རྐྱེན་གྱིས་ཛ་དྲག་ངང་མྱུར་སྐྱོབ་སྨན་བཅོས་གནང་ཡོད་ཀྱང་ཕན་འབྲས་མ་ཐོན་པར་གློ་བུར་དགོངས་པ་རྫོགས་ཡོད་པ་དང་། དེ་མ་ཐག་འཛམ་གླིང་ས་ཕྱོགས་གང་སར་ཁོང་ལ་མྱ་ངན་གུས་འདུད་ཞུ་མུས་ཡིན་པའི་ཁྲོད། སྤྱི་ཟླ་༧པའི་ཚེས་༡༡ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་དམ་པ་ཁོང་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་རེད།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། སྐུ་ཞབས་(Shinzo Abe)་ནི་བོད་མིའི་རང་དབང་འཐབ་རྩོད་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་གྲས་ཤིག་ཡིན་པ་མ་ཟད། འཛམ་གླིང་ཞི་བདེ་ཐོག་ལ་བསམ་བློ་གཏོང་མཁན་ཞིག་ཡིན་པས། ཁོང་གློ་བུར་དུ་དགོངས་པ་རྫོགས་པར་ཧ་ཅང་གི་བློ་ཕམ་བྱུང་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁོང་གི་བཟའ་ཟླ་ཨ་ཀི་ཨ་བེ་ལགས་སུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག་པ་དེའི་ནང་། ངོས་ཀྱི་མཛའ་གྲོགས་སྐུ་ཞབས་ཤིན་ཛོ་ཨ་བྷེ་ལགས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོས་པར་བློ་ཕམ་ཆེན་པོ་བྱུང་། ངོས་ཀྱིས་འདས་པོ་ཁོང་ལ་སྨོན་ལམ་འདེབས་རྒྱུ་མ་ཟད། སྐུ་ཉིད་དང་ནང་མི་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར་དམ་པ་ཁོང་ནི་བོད་ཀྱི་བློས་ཐུབ་གྲོགས་པོ་ཞིག་ཀྱང་ཡིན། ངོས་ཀྱིས་ཁོང་གི་མཛའ་འབྲེལ་དང་། ནང་པའི་རིག་གཞུང་ཕྱུག་པོ་གཅེས་ཉར་སླད་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུ་གི་ཡོད་ཅེས་འཁོད་འདུག
ཉི་ཧོང་གི་སྲིད་བློན་ཟུར་པ་ཨ་བྷེ་ལགས་ནི། ཉི་ཧོང་གི་ལོ་རྒྱུས་ཁྲོད་ད་བར་སྲིད་བློན་གྱི་ལས་ཡུན་རིང་ཤོས་གནང་མཁན་དེ་ཡིན་ཞིང་། འཛམ་གླིང་ཡོངས་ཁྱབ་ཀྱི་དམངས་གཙོ་དང་གུ་ཡངས་བསམ་བློ་སོགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཆིབས་བསྒྱུར་སྐབས་མཇལ་འཕྲད་དང་ཉི་ཧོང་གྲོས་ཚོགས་ནང་གདན་ཞུ་སོགས་གནང་ཡོད་པ་རེད།
ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། སྲིད་བློན་ཁོང་འདས་གྲོངས་སུ་ཕྱིན་པ་དེ་ནི་ཉི་ཧོང་ཙམ་མིན་པར། བོད་དོན་འཐབ་རྩོད་ཁྲོད་གྱོང་གུན་ཐེབས་ཡོད་པ་ངོས་འཛིན་གནང་གི་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་འདུག་པ་དེའི་ནང་། བོད་དོན་རྒྱབ་སྐྱོར་བ་དང་འཛམ་གླིང་དབུ་ཁྲིད་རླབས་ཆེན་ཞིག་འདས་གྲོངས་ཕྱིན་པར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
དགུང་ལོ་༦༧ཡིན་པའི་སྲིད་བློན་ཟུར་པ་སྐུ་ཞབས་(Shinzo Abe)་ལགས་ནི། ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། ཉི་ཧོང་དུ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཆེད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྲས་ཤིག་ཡིན་པ་དང་། ཕྱི་ལོ་༢༠༠༦ལོར་ཉི་ཧོང་གི་སྲིད་བློན་དུ་བདམས་ཐོན་བྱུང་སྟེ། འདས་པའི་ལོ་ངོ་༡༥རིང་ཉི་ཧོང་གི་སྲིད་བློན་ལས་ཁུར་ཞུས་ཤིང་། སྲིད་བློན་གྱི་དུས་ཡུན་རིང་ཉི་ཧོང་གི་དཔལ་འབྱོར་དང་དམག་དོན་གནས་བབ་ཡར་རྒྱས་ཤུགས་ཆེན་བཏང་ཡོད་པ་མ་ཟད། ཉི་ཧོང་གི་རྒྱལ་སྲུང་ཆེད་དམག་གི་སྟོབས་ཤུགས་རྒྱ་སྐྱེད་དང་ཉི་ཧོང་གི་དམག་དོན་སྲ་བརྟན་བཟོ་རྒྱུའི་ཐད་ཞབས་འདེགས་ཆེན་པོ་བསྒྲུབས་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org