བོད་མི་གཞོན་སྐྱེས་ཚོས་ལས་འགུལ་སྤེལ་ནས་འགན་ཁུར་བཞེས་གལ་ཆེ། སྲིད་སྐྱོང་མཆོག་གིས།

བོད་མི་གཞོན་སྐྱེས་སོ་སོས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་དང་འགན་ཁུར་བཞེས་གལ་ཆེ་བ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོགས་འདུའི་མཇུག་བསྡོམས་སྐབས་གསུངས་འདུག

ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོགས་འདུའི་མཇུག་བསྡོམས་སྐབས། ༢༠༡༩།༨།༡༩ RFA

བོད་མི་གཞོན་སྐྱེས་སོ་སོས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་དང་འགན་ཁུར་བཞེས་གལ་ཆེ་བ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོགས་འདུའི་མཇུག་བསྡོམས་སྐབས་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་གཙོ་སྐྱོང་གནང་བ། ལྔ་དང་ལྔ་བཅུའི་བོད་མི་གཞོན་སྐྱེས་ཀྱི་ཚོགས་འདུ་ཐེངས་མ་གཉིས་པ། འབྱུང་འགྱུར་བོད་ཀྱི་གདུན་ལམ་ཞེས་པ་སྤྱི ་ཟླ་༨པའི་ཚེས་༡༦ནས་༡༩བར་བཞུགས་སྒར་དུ་འཚོགས་ཡོད་པར། མཇུག་བསྡོམས་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་ཀྱིས། བོད་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་གཙོས་པའི་བོད་མི་སེམས་ཤུགས་ཅན་མང་པོ་ཡོད་པས། རང་དབང་ལུང་པར་ཡོད་པའི་བོད་མི་གཞོན་སྐྱེས་ཚོ་སེམས་ཤུགས་མ་ཆགས་པར་བོད་དོན་འགན་ཁུར་བཞེས་དགོས་པ་དང་། སོ་སོའི་ས་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་གལ་ཆེ་བ་ལམ་སྟོན་དང་གཏམ་བཤད་གནང་ཡོད་པ་རེད།
ཚོགས་འདུའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་༡༣་ནས་བོད་མི་གཞོན་སྐྱེས་བརྒྱ་ལྷག་བཅར་ཡོད་པ་དང་། ཉི་མ་བཞིའི་རིང་གི་ལྷན་ཚོགས་དེར་བོད་མིའི་སྒྲིག་འཛུགས་དང་བོད་དང་རྒྱ་ནག་གཞུང་གི་གྲོས་མོལ་སྐོར། བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་ལྷག་པར་ན་གཞོན་ཚོའི་རང་དབང་འཐབ་རྩོད་ཀྱི་ལས་འགན། ལྔ་དང་ལྔ་བཅུའི་འཆར་སྣང་ཐད་ནུས་པ་མཉམ་སྤུངས་སོགས་ཀྱི་ཐོག་གཏམ་བཤད་དང་དྲི་བར་དྲིས་ལན་གནང་ཡོད་པ་མ་ཟད། ཚོགས་བཅར་པ་ཆ་བགོས་ཚོགས་ཆུང་ཟུར་འཛུགས་ཀྱིས་གོ་བསྡུར་ཀྱང་གནང་ཡོད་པས། ཨ་མི་རི་ཀ་ནས་ཡིན་པ་བཀྲ་ཤིས་དོན་ལྡན་ལགས་གྱིས། ས་ཕྱོགས་འདྲ་མིན་ནས་ཡོང་བའི་ཚོགས་ཞུགས་པ་ཚོས་ཕན་ཚུན་གོ་བསྡུར་དང་བསམ་ཚུལ་བརྗེ་རེས་བྱས་བ་ཡག་པོ་བྱུང་ཟེར།
ཡང་ཚོགས་ཞུགས་པ་ཁག་ཅིག་གིས་ཚོགས་འདུ་དེ་བརྒྱུད་ནས་བོད་མི་གཞོན་སྐྱེས་ཚོའི་ལས་འགན་གང་ཡིན་པ་དང་། ས་གནས་ཁག་ཏུ་བོད་དོན་ཆེད་ལས་ཀ་ཅི་ཙམ་བྱེད་བཞིན་པ་ངོ་ཡག་པོ་འཕྲོད་པར་འགྲེལ་བརྗོད་གནང་གི་འདུག རྒྱ་གར་གྱི་ཚོགས་ཞུགས་པ་ཀུན་བཟང་སྒྲོལ་མ་ལགས་ཀྱིས། ད་ཐེངས་བོད་ཀྱི་གཞོན་སྐྱེས་ཚོའི་ལས་འགན་དང་། ཁོང་ཚོས་ས་གནས་སོ་སོས་ན་ལས་ཀ་ག་རེ་གནང་བཞིན་པ་སོགས་གསལ་བོ་བྱུང་གསུངས་བྱུང་།
ཚོགས་འདུ་མཇུག་བསྡོམས་ཀྱི་ཐོག་ཚོགས་བཅར་པ་ཚོར་དགོངས་འཆར་བསྡུ་རུབ་དང་། དགོངས་འཆར་འགྲེལ་བརྗོད་ཀྱི་གོ་སྐབས་གནང་བ་བརྒྱུད། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། ཕྱི་ཕྱོགས་ཀྱི་བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས། བོད་ནང་གི་བོད་མིའི་མགྲིན་ཚབ་པ་གནང་དགོས་ལུགས་ལམ་སྟོན་གནང་གི་འདུག
ལྔ་དང་ལྔ་བཅུའི་འཆར་སྣང་གི་ལྔ་ནི་མ་འོངས་ལོ་ལྔའི་ནང་བོད་དོན་ཛ་དྲག་གིས་ཐག་གཅོད་བྱེད་རྒྱུ་དང་། དེ་ལྟར་མ་བྱུང་ན། མ་འོངས་ལོ་ལྔ་བཅུའི་ནང་བོད་མིའི་ཆོས་རིག་ངོ་བོ་དང་བཅས་པ་སྲུང་སྐྱོབ་དང་ཆབས་ཅིག བོད་དོན་འཐབ་རྩོད་རྒྱུན་སྐྱོང་གནང་རྒྱུ་དེ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org