བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པས་ཡོ་རོབ་ནང་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་འདུག
སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར་ཇར་མན་གྲོས་ཚོགས་འཐུས་མི་ཝ་ལེན་ཊིན་ཨ་བྷེལ་དང་མཇལ་མོལ་གནང་འདུག
- 2022-10-10
-
-
-
Your browser doesn’t support HTML5 audio
སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར་ཇར་མན་གྲོས་ཚོགས་འཐུས་མི་ཝ་ལེན་ཊིན་ཨ་བྷེལ་དང་མཇལ་མོལ་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་ཆེད་འདི་ཚེས་༩ཉིན་ཇར་མན་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། འདི་ཚེས་༡༠ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཇར་མན་གྲོས་ཚོགས་ནང་འཐུས་མི་དགུང་ལོ་ཆུང་ཤོས་སྐུ་ཞབས་ཝ་ལེན་ཊིན་ཨ་བྷེལ་(Valentin Abel)ལགས་མཇལ་མོལ་གནང་འདུག
གཞན་ཡང་ཚེས་༩ཉིན་ཡོ་རོབ་རྒྱལ་ཁབ་ཇར་མན་གྱི་བྷ་ཝེ་རི་ཡ་(Bavaria)མངའ་སྡེའི་གྲོས་ཚོགས་ཀྱི་ལས་ཐོག་ཚོགས་གཞོན་དང་། མངའ་སྡེའི་རིག་གཞུང་དང་གསར་འགྱུར་ཚན་པའི་བློན་ཆེན་ཟུར་པ་སྐུ་ཞབས་(Dr. Wolfgang Heubisch)་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས། སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས་བཅས་ལྷན་བཅར་ཞུས་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་རྣམ་པ་ཇར་མན་གྱི་རྒྱལ་ས་སྦར་ལེན་དུ་མ་ཐོན་གོང་། ཇར་མན་གྱི་(Munich)་གྲོང་ཁྱེར་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་དང་ཐུག་འཕྲད་གནང་ཡོད་པ་དང་། ཇར་མན་གྱི་རྒྱལ་ས་(Berlin)་དུ་འབྱོར་རྗེས་ཁོང་རྣམ་པས་ཇར་མན་ནང་གི་ན་གཞོན་གྱི་ཚོགས་པ་ཆེ་ཤོས་གུ་ཡངས་ཚོགས་པ་དང་། དེ་བཞིན་(Free Democratic Party)་འམ་རང་དབང་དམངས་གཙོ་ཚོགས་པ་གཉིས་ཀྱི་སྐུ་ཚབ་དང་ལྷན་དུ་ཐུག་འཕྲད་གནང་ཡོད་པ་རེད་འདུག
གཞན་ཚེས་༡༠ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་ཁག་ཅིག་བཅས་ཀྱིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས། བྷར་ལིན་དུ་རྟེན་གཞི་བྱས་པའི་འཇར་མན་རོགས་ཚོགས་(FNF)་ཀྱི་ལས་ཁུངས་སུ་དེ་གའི་སྤྱི་ཁྱབ་འགན་འཛིན་ལྕམ་(Annett Witte)་ལགས་དང་། ཚོགས་པ་དེའི་རྒྱལ་སྤྱིའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་(Dr Rene Klaff)་ལགས། ཚོགས་པའི་རྒྱལ་སྤྱིའི་གནད་དོན་ཚན་པའི་འགན་འཛིན་ལྕམ་(Dr Michaela Lissowski)་བཅས་དང་མཇལ་འཕྲད་གནང་བ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་དང་སྲིད་སྐྱོང་མཆོག་གི་ངོ་དེབ་བཅས་སུ་བཀོད་འདུག
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།