ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཏོག་དབྱིབས་རིམས་ནད་དེ་བཞིན་ཐོག་མར་རྒྱ་ནག་ཝུའུ་ཧན་ནས་ཕྱི་ལ་ཤོར་བ་ཕལ་ཆེར་བཤད་ཐུབ་ཚུལ་བརྗོད་འདུག
ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱིས་ཏོག་དབྱིབས་རིམས་ནད་དེ་བཞིན་ཐོག་མར་རྒྱ་ནག་གི་ཝུའུ་ཧན་སྨན་རྫས་བརྟག་དཔྱད་ཁང་ནས་ཕྱིལ་ཤོར་བ་ཞིབ་འཇུག་འགྲུབ་དོན་ནས་ཕལ་ཆེར་བཤད་ཐུབ་པ་བརྗོད་འདུག
- 2023-03-01
-
-
-
དེ་ཡང་རོ་ཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་(FBI)་ཀྱི་སྤྱི་ཁྱབ་འགན་འཛིན་(Christopher Wray)་ལགས་ཀྱིས་གཟའ་མིག་དམར་ཉིན། ཨ་རིའི་(Fox)་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲིའི་སྐབས་གསུང་ན། ཏོག་དབྱིབས་རིམས་ནད་ཡོངས་གྲགས་སུ་(Covid 19)་དེ་བཞིན་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནང་གི་སྨན་རྫས་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་བ་ཞིག་ཡིན་པ་ང་ཚོས་ཡུན་རིང་ཞིབ་འཇུག་བྱས་བ་བརྒྱུད་ཕལ་ཆེར་བཤད་ཐུབ་ཀྱི་འདུག་ཅེས་གསུངས་ཡོད་འདུག་ལ། ཁོང་གིས་མུ་མཐུད་དུ། རྒྱ་ནག་གཞུང་གིས་ཨ་རི་གཙོས་ཕྱི་ཕྱོགས་ནས་རིམས་ནད་དེའི་ཐོག་མའི་འབྱུང་རྩའི་སྐོར་ཞིབ་འཇུག་བྱེད་རྒྱུར་འགོག་རྐྱེན་སྤྲད་པ་དང་ཆོག་མཆན་མ་སྤྲད་པར་གཡོལ་ཐབས་བྱས་ཡོད་ལུགས་སྐྱོན་བརྗོད་གནང་ཡོད་འདུག
དེའི་གོང་ཙམ་ལ་ཨ་རིའི་(Wall Street Journal)་དང་། གཞན་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་དེ་མཚུངས་གནས་ཚུལ་སྤེལ་ཡོད་པ་རེད། འོན་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ལ་གནད་དོན་དེའི་ཐད་འདྲི་བརྩད་བྱས་པའི་སྐབས། དེ་སྔ་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱ་ནག་གཉིས་ཟུང་འབྲེལ་གྱིས་བཏོན་པའི་སྙན་ཐོ་གཞིར་བཟུང་། ནད་ཡམས་དེ་རང་བཞིན་གྱིས་བྱུང་བ་ལས་ཝུའུ་ཧན་གྱི་སྨན་རྫས་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་བ་ཞིག་ཡིན་ལུགས་ངོས་ལེན་བྱེད་ཀྱི་མེད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།