རྒྱ་ནག་གི་སློབ་ཆེན་དང་རིག་གཞུང་བརྗེ་རེས་གནས་སྐབས་མཚམས་འཇོག་བྱས་འདུག
ཨ་རིའི་ཁོར་ནེལ་སློབ་གྲྭ་ཆེན་མོ་ནས་རྒྱ་ནག་གི་མི་དམངས་སློབ་གྲྭ་ཆེན་མོ་དང་ལྷན་ཕན་ཚུན་བར་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་སྤེལ་བཞིན་པ་དེ་གནས་སྐབས་རིང་མཚམས་འཇོག་བྱས་འདུག
-
2018-10-29 -
-
-
ཨ་རིའི་ཁོར་ནེལ་སློབ་གྲྭ་ཆེན་མོ་ནས་རྒྱ་ནག་གི་མི་དམངས་སློབ་གྲྭ་ཆེན་མོ་དང་ལྷན་ཕན་ཚུན་བར་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་སྤེལ་བཞིན་པ་དེ་གནས་སྐབས་རིང་མཚམས་འཇོག་བྱས་འདུག
དེ་ཡང་ཨ་རིའི་སྐད་གྲགས་ཅན་གྱི་ཁོར་ནེལ(Cornell)སློབ་གྲྭ་ཆེན་མོ་དང་རྒྱ་ནག་གི་(Renmen)མི་དམངས་སློབ་གྲྭ་ཆེན་མོའི་བར་ཕན་ཚུན་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་སྤེལ་བཞིན་ཡོད་ཀྱང་། ཉེ་ཆར་ཁོར་ནེལ་སློབ་གྲྭ་ཆེན་མོས་རྒྱ་ནག་མི་དམངས་སློབ་གྲྭ་ཆེན་མོའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་གཉིས་དང་ཞིབ་འཇུག་ལས་གཞི་ཞིག་སྤེལ་བཞིན་པ་དེ་མཚམས་འཇོག་བྱས་ཡོད་ལ། དེ་ནི་ཉེ་བའི་ལོ་ཤས་རིང་ཕྱི་རྒྱལ་གྱི་སློབ་གྲྭ་ཆེན་མོ་ཞིག་གིས་རྒྱ་ནག་གི་སློབ་གྲྭ་ཆེན་མོའི་བར་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་གནས་སྐབས་རིང་མཚམས་འཇོག་བྱས་བ་ཐོག་མ་དེ་ཡིན་པ་དབྱིན་ཇིའི་དཔལ་འབྱོར་དུས་བབ་ནང་གནས་ཚུལ་བཀོད་འདུག
ཁོར་ནེལ་སློབ་གྲྭ་ཆེན་མོའི་ཕྱོགས་ནས་བརྗོད་ན། རྒྱ་ནག་གི་མི་དམངས་སློབ་གྲྭ་ཆེན་མོའི་སློབ་མ་ཁ་ཤས་ནས་དྲ་གནས་བརྒྱུད་རྒྱ་ནག་ཧྲིན་ཀྲིན་གྱི་ཚན་རྩལ་ཚོང་ལས་ཁང་ཞིག་གི་ལས་བཟོ་བའི་ཁེ་དབང་ཚོགས་པ་བཙུགས་ཆོག་པའི་དགོས་འདུན་འདོན་བཞིན་པ་དེར་རྒྱབ་སྐྱོར་བྱས་བར་བརྟེན་ནས། སློབ་ཆེན་དེས་སློབ་མ་དེ་དག་ལ་ཆད་པ་བཅད་ཡོད་པ་དང་། དེ་ནི་ཤེས་ཡོན་སློབ་གསོའི་རང་དབང་གི་བྱ་སྤྱོད་ལ་བཀག་འགོག་བྱས་བ་རེད་ཅེས་ཨ་རིའི་གཙུག་ལག་སློབ་ཆེན་གྱིས་རྒྱ་ནག་ལ་ངོ་རྒོལ་སྐྱོན་བརྗོད་བྱས་དང་མཉམ་ལས་དེ་གནས་སྐབས་མཚམས་འཇོག་བྱེད་པ་ཞིག་ལ་ངོས་འཛིན་གནང་འདུག
དེ་བཞིན་ཁོར་ནེལ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ལས་གཞིའི་འགན་འཛིན་ཧྤུ་ལེ་ཌི་མན་ནས། རྒྱ་ནག་གི་མི་དམངས་སློབ་གྲྭ་ཆེན་མོས་རྒྱ་ནག་ནང་གི་ལས་བཟོ་བའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱེད་མི་ཆོག་པ་བཟོས་བ་ལ་བརྟེན་ནས། སློབ་གྲྭ་ཆེན་མོ་འདི་གཉིས་བར་རིག་གཞུང་མཉམ་འབྲེལ་བྱེད་བཞིན་པ་དེ་བར་སྐབས་རིང་མཚམ་འཇོག་མི་བྱེད་རང་བྱེད་ཆགས་པ་དང་། ཕྱི་རྒྱལ་གྱི་སློབ་གྲྭ་ཆེན་མོ་ཚོས་ཀྱང་བསྐྱར་དུ་དཔྱད་ཞིབ་བྱས་ཏེ་རྒྱ་ནག་གི་སློབ་གྲྭ་ཆེན་མོ་ཁག་དང་མཉམ་འབྲེལ་བྱེད་དགོས་ཚུལ་བརྗོད་འདུག
གསར་འགོད་པ་ལྕགས་མོ་འཚོ།