དུས་འཁོར་ཐོག་རིས་མེད་ཀྱི་མཁས་པའི་བགྲོ་གླེང་མཇུག་སྒྲིལ་འདུག

དུས་འཁོར་ཐོག་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་མཇུག་སྒྲིལ་གནང་ཡོད་པ་རེད།

དུས་འཁོར་ཐོག་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཉིན་མཐའ་མ། ༢༠༡༩།༥།༧ RFA

དུས་འཁོར་ཐོག་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་མཇུག་སྒྲིལ་གནང་ཡོད་པ་རེད།
རྒྱལ་བའི་གསུང་ཞབས་རྣམ་གྲ་ཕན་བདེ་ལེགས་བཤད་གླིང་གིས་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་གྱི་ཆེད་དུ། དུས་འཁོར་ཐོག་རིས་མེད་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་ཉིན་གསུམ་གོ་སྒྲིག་གནང་བ་མཇུག་སྒྲིལ་གནང་ཡོད་པ་རེད།
འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་རྫོགས་ནས་འདི་ལོ་ལོ་ངོ་དྲུག་བརྒྱ་འཁོར་བའི་དུས་ཚིགས་དང་བསྟུན། རྗེས་དྲན་གྱི་ལོ་ཞིག་ཏུ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གིས་ཀྱང་དེ་ལྟར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དུས་འཁོར་ཐོག་རིས་མེད་མཁས་པའི་བགྲོ་གླེང་ཉིན་གསུམ་གོ་སྒྲིག་གནང་ཞིང་། བགྲོ་གླེང་ཉིན་མཐའ་མ་སྟེ། སྤྱི་ཟླ་༥པའི་ཚེས་༧ཉིན་མཇུག་བསྡོམས་སྐབས། བཀའ་བརྒྱུད་མཁན་པོ་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་བཀའ་བརྒྱུད་ནང་དུས་འཁོར་གྱི་གར་ཐིག་དབྱངས་གསུམ་སོགས་ཆོས་བརྒྱུད་གཞན་དང་མི་འདྲ་བ་དང་ཁྱད་པར་་ཇི་འདྲ་ཡོད་མེད་སྐོར་དང་། ཇོ་ནང་མཁན་པོ་ཀུན་དགའ་མཚམས་ཆུང་ལགས་ཀྱིས་དུས་འཁོར་སྦྱོར་དྲུག་གི་བྱུང་རིམ། ཇོ་ནང་ལ་དར་ཁྱབ་བྱུང་སྟངས་སྐོར་ངོ་སྤྲོད་གནང་ཞིང་། དེ་བཞིན་སྒོ་མང་དགེ་བཤེས་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་རྫོགས་རིམ་སྐབས་ཟུང་འཇུག་གི་དགོས་པ་མཐར་ཐུག་དང་། ཡེ་རྒྱ་དང་ལས་རྒྱ་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་བཅས་ཀྱི་སྐོར། སྨན་རྩིས་ཁང་གི་རྩིས་རམས་པ་བསྟན་འཛིན་སྙན་གྲགས་ལགས་ཀྱིས། དུས་འཁོར་གྱི་གཞུང་ལས་བྱུང་བའི་གོ་ལའི་ཁྱིམ་རྒྱུད་ཀྱི་གྲུབ་སྟངས་དང་། སྐར་རྩིས་ཀྱི་བྱུང་རིམ་སོགས་ངོ་སྤྲོད་གནང་ཡོད་ལ། རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་ཉམས་ཞིབ་པ་བསྟན་འཛིན་དགའ་བ་ལགས་ཀྱིས་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་དཀྱིལ་འཁོར་གྱི་ཐིག་རྩའི་ཁུངས་ནི་མཁས་གྲུབ་རིན་པོ་ཆེ་དང་རྒྱ་གར་མཁས་པ་ཨབྷྱ་ཀ་ར་དང་འགྲེལ་ཆེན་དྲི་མེད་འོད་བཅས་ལ་ཐུག་ཡོད་པའི་སྐོར་སོགས་གསུང་བཤད་གནང་ཡོད་པ་རེད།
དེ་རེས་ཀྱི་དུས་འཁོར་ཐོག་རིས་མེད་མཁས་པའི་བགྲོ་གླེང་ཚོགས་འདུར་བཅར་མཁན་ཚོགས་ཞུགས་བ་ཚོའི་ཁྲོད་ནས་དུས་འཁོར་ཐོག་རིས་མེད་མེད་ཀྱི་མཁས་པའི་བགྲོ་གླེང་ཚོགས་པ་ཧ་ལམ་ད་རེས་ཐེངས་དང་པོ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་མ་ཟད། དེ་ལྟ་བུའི་བགྲོ་གླེང་ནང་ཞུགས་རྒྱུའི་འདུན་པ་ཆེན་པོ་སྟོན་མཁན་བྱུང་ཡོད་པ་རེད།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་ནི། བོད་རབ་བྱུང་དྲུག་པའི་མེ་བྱ་༡༣༥༧ ལོར་བོད་མདོ་སྨད་ཀྱི་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། རབ་བྱུང་བདུན་པའི་ས་ཕག་༡༤༡༩ ལོའི་ཟླ་བ་བཅུ་པའི་ཚེས་༢༥ ཉིན་དགོངས་པ་རྫོགས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org