སྔར་དབྱིན་ཇིའི་མངའ་འོག་རྒྱལ་ཁབ་ཀྱི་རྩེད་འགྲན་གྲ་སྒྲིག་སྐོར།

རྒྱ་གར་ནང་རྩེད་འགྲན་དང་འབྲེལ་བའི་མཐུན་རྐྱེན་གོ་སྒྲིག་འཐུས་ཚང་དང་ཚགས་ཚུད་འབྱུང་མིན་ཐད་བློ་འཚབ་ཆེན་པོ་ཡོད་པ་རེད།

༄༅༎ཀོ་མེན་ལྦེལ་ཐི་གེམ་སི་འམ་དེ་སྔ་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་པའི་རྒྱལ་ཁབ་མཐུན་ཚོགས་ཀྱི་རྩེད་འགྲན་ཚུགས་ལ་ཉེ་བའི་སྐབས་ རྩེད་འགྲན་ཚོགས་ཡུལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ རྩེད་འགྲན་དང་འབྲེལ་བའི་མཐུན་རྐྱེན་གོ་སྒྲིག་འཐུས་ཚང་དང་ཚགས་ཚུད་འབྱུང་མིན་ཐད་བློ་འཚབ་ཆེན་པོ་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག་༎

ཀོ་མེན་ལྦེལ་ཐི་གེམ་སི་ལུས་རྩལ་འགྲན་ཚོགས་དེ་བཞིན་ཕྱི་ཟླ་༡༠ཚེས་༣ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་དབུ་འབྱེད་རྒྱུ་ཡིན་པ་རེད་ རྩེད་འགྲན་གོ་སྒྲིག་ཞུ་རྒྱུར་རྒྱ་གར་གཞུང་ནས་རྒྱལ་ས་ལྡི་ལིའི་ནང་རྩེད་ཐང་གསར་རྒྱག་དང་རྒྱ་སྐྱེད་ མེ་འཁོར་ལྕགས་ལམ་དང་གཞུང་ལམ་གསར་བསྐྲུན་ལ་སོགས་པའི་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་ཆེ་འགོ་འཛུགས་བྱས་ཡོད་པ་རེད་ ཡིན་ནའང་ད་ཆ་རྩེད་འགྲན་གྱི་དུས་ཚེས་ཤར་ལ་ཉེ་བའི་སྐབས་ ད་དུང་ཡང་འཛུགས་བསྐྲུན་གྱི་ལས་གཞི་ཁག་མུ་མཐུད་བྱེད་བཞིན་པར་སོང་ རྩེད་འགྲན་དངོས་སུ་འགོ་འཛུགས་བྱེད་པའི་སྐབས་ རྩེད་ཐང་དང་རྩེད་འགྲན་གྱི་མཐུན་རྐྱེན་སོགས་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ཀྱི་ཚད་གཞི་དང་མཐུན་མིན་བློ་དོགས་ཡོང་གི་ཡོད་པ་རེད་

ཀོ་མེན་ལྦེལ་ཐི་གེམ་སི་ཕེ་ཌི་རེ་ཤིན་ཞེས་པའི་རྩེད་འགྲན་མཐུན་ཚོགས་ཐོག་ནས་རྒྱ་གར་གྱི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ནས་ད་ལྟའང་ རྩེད་འགྲན་གྱི་ར་བའི་ནང་ཨར་ལས་འཛུགས་བསྐྲུན་གྱི་ལས་གཞི་ཇུག་སྒྲིལ་མ་ཟིན་པར་མུ་མཐུད་ཨར་ལས་བྱེད་བཞིན་པ་དེ་རྩེད་རའི་ནང་འགྲན་རྩོད་ཚགས་ཚུད་སླད་ཆེ་དགོས་ངེས་ཆེ་བའི་གློག་ལས་ཀྱི་འཕྲུལ་ཆ་འཛུགས་བསྐྲུན་ཕྱིར་འགྱངས་འགྲོ་ཡི་ཡོད་པ་དང་ དེས་འགྲན་ཚོགས་ལ་དོ་ཕོག་འགྲོ་ཉེན་ཆེ་བའི་སྐོར་ཉེན་བརྡ་ལན་མང་བཏང་ཡོད་པ་རེད་

རྒྱ་གར་གྱི་ཀོ་མེན་ལྦེལ་ཐི་རྩེད་འགྲན་གོ་སྒྲིག་དང་འབྲེལ་བའི་འཛུགས་བསྐྲུན་གྱི་ལས་གཞི་རྗེས་ལུས་ཐེབ་པ་མ་ཟད་འགྲོ་གྲོན་གྱི་ཆ་ནས་དཀའ་ངལ་ཇེ་མང་འཕྲད་བཞིན་ཡོད་འདུག་ལ་ དཔེར་ན་ད་ཕན་མང་ཚོགས་ཁྲོད་ནས་རྩེད་འགྲན་གྱི་ཕྱག་ཁྱེར་ཉོ་མཁན་ཉུང་ཤས་ལས་བྱུང་མེད་པ་དང་ བཟོ་ཚོང་ལས་ཁང་ཚོས་འགྲན་རྩོད་ལ་དམིགས་པའི་དངོས་ཟོག་དྲིལ་བསྒྲགས་ཀྱི་སྦྱིན་བདག་དཀོན་པོ་དང་ གཞན་ཡང་བདེ་འཇགས་སྲུང་སྐྱོབ་ཀྱི་ཐད་ནས་བློ་ཚབ་དང་ ལྷག་པར་དུ་རྩེད་འགྲན་གོ་སྒྲིག་ཆེད་འགྲོ་གྲོན་ཆེ་བ་མ་ཟད་རྒྱ་གར་གྱི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ནས་ལས་དོན་ཕྱི་གསལ་ནང་གསལ་མེད་པར་ནང་ཁུལ་ལྐོག་ཟའི་གནས་ཚུལ་ཇེ་མང་ཐོན་བཞིན་ཡོད་པ་རེད་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org