འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཀྱི་སྐོར།

ལྷོ་ཨཕ་རི་ཀའི་ནང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་ནས་བཟང་ཕྱོགས་ཀྱི་གྲོས་འཆམ་ཡོང་རྒྱུའི་རེ་བ་ཕྲན་བུའི་ཆེ་རུ་ཕྱིན།

༄༅༎ལྷོ་ཨཕ་རི་ཀའི་ནང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་ནས་བཟང་ཕྱོགས་ཀྱི་གྲོས་འཆམ་ཡོང་རྒྱུའི་རེ་བ་ཕྲན་བུའི་ཆེ་རུ་ཕྱིན་ཡོད་པའི་རྣམ་པ་བསྟེན་ཡོད་འདུག
འདས་པའི་ཉིན་མ་འགའ་ཤས་རིང་འཛམ་གླིང་གི་ཁོར་ཡུག་དང་། གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དེ་བཞིན་ལྷོ་ཨཕ་རི་ཀའི་ནང༌ཚོགས་བཞིན་ཡོད་པ་དང་། ད་བར་རྒྱལ་ཁབ་ཚོའི་དབར་གྲོས་བསྡུར་སྦྱང་བཤད་བྱེད་པ་ཙམ་ལས་དམིགས་བསལ་གནམ་གཤིས་འགྱུར་ལྡོག་མྱུར་ཚད་ཆེན་པོའི་ཐོག་ནས་འགྲོ་བཞིན་པ་དེའི་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུའི་ཐོག་དམིགས་བསལ་དོན་འབྲས་སོན་པ་ཞིག་བྱུང་མེད་པ་རེད། ཡིན་ནའང་དེ་རིང་རྒྱལ་ཁབ་ཆུང་བ་ཁག་ཅིག་ནས་ཡུ་རོབ་མཐུན་ཚོགས་ནས་བཏོན་པའི་གྲོས་གཞི་དེར་མོས་མཐུན་བྱེད་རྒྱུའི་རྣམ་པ་བསྟེན་ཡོད་པ་རེད། དེ་ཡང་ཡུ་རོབ་སྤྱི་མཐུན་ཚོགས་པས། ཕྱི་ལོ་ ༢༠༡༥ བར་དུག་རླངས་སྦག་བཙོགབྱུང་ཡུལ་གྱི་རྐྱེན་རྩ་ཇེ་ཉུང་དུ་གཏོང་ཐབས་ཀྱི་ལས་དོན་ཐོག་དོན་དམ་པའི་ལག་ལེན་འཁེལ་བ་བྱེད་དགོས་རྒྱུ་ཞེས་གསུངས་ཡོད་པ་རེད། ཡུ་རོབ་སྤྱི་མཐུན་ཚོགས་པའི་གནམ་གཤིས་ལས་དོན་ཚན་པའི་སྤྱི་ཁྱབ་མཆོག་གིས་གསར་འགོད་པ་ཚོར། གནད་དོན་དེའི་ཐོག་ཚང་མས་མོས་མཐུན་ཡོད་པ་ཞིག་མ་བྱས་པ་ཡིན་ན་དུས་ཚོད་མེད་པ་དང་། སང་ཉིན་ཚོགས་འདུ་མཇུག་མ་སྒྲིལ་བའི་གོང་མོས་མཐུན་མི་བྱེད་མཁན་གྱི་རྒྱལ་ཁབ་དེ་དག་ནས་བསམ་ཤེས་ཡོང་ཐབས་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། འཛམ་གླིང་ནང་དུག་རླངས་ཀྱི་གནས་སྟངས་ཛ་དྲག་ཤོས་དེ་ནི་རྒྱ་ནག་དང་། རྒྱ་གར། ཨ་རི་གསུམ་ཡིན་པ་དང་། ཡུལ་གྲུ་དེ་དག་ནས་ད་བར་ཕན་ཚུན་ཕར་ཁ་ཚུར་འཁྲི་ཤ་སྟག་བཤད་ནས་དོན་དམ་པའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགོས་འདུན་བཏོན་བཞིན་པ་དེར་ངོས་ལེན་ཡག་པོ་ཞིག་བྱེད་ཀྱི་མེད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org