བོང་སྟག་མུ་རུའི་གཏེར་ཁ་སྔོག་མཁན་འགོ་གཙོ་དང་འབྲེལ་ཡོད་ཚོར་ཐག་གཅོད་བྱས་ཚུལ་བསྒྲགས་འདུག

གསར་ལམ་ཁག་གིས་སྐྱོན་བརྗོད་བྱས་བའི་རྗེས་རྒྱ་ནག་གཞུང་གིས་བོང་སྟག་མུ་རུའི་རྩྭ་ཐང་ནས་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་མཁན་འགོ་གཙོ་འཛིན་བཟུང་དང་འབྲེལ་ཡོད་ས་གནས་ཀྱི་འགོ་ཁྲིད་ལྔ་གནས་དབྱུང་བཏང་བ་བསྒྲགས་འདུག

མདོ་སྨད་བོང་སྟག་མུ་རིའི་རྩ་ཐང་ནས་རྡོ་སོལ་སྔོག་ཡུལ། trimleng.com

གསར་ལམ་ཁག་གིས་སྐྱོན་བརྗོད་བྱས་བའི་རྗེས་རྒྱ་ནག་གཞུང་གིས་མདོ་སྨད་ཐེམ་ཆེན་རྫོང་བོང་སྟག་མུ་རུའི་རྩྭ་ཐང་ནས་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་མཁན་འགོ་གཙོ་འཛིན་བཟུང་དང་དེ་དང་འབྲེལ་བ་ཡོད་པའི་ས་གནས་འགོ་ཁྲིད་ལྔ་གནས་དབྱུང་བཏང་ནས་ཞིབ་བཤེར་བྱེད་བཞིན་པ་བསྒྲགས་འདུག
དེ་ཡང་འདས་བའི་ལོ་ངོ་བཅུ་ལྷག་གི་རིང་། རྒྱ་ནག་གི་གཏེར་ཁ་སྔོག་འདོན་ཚན་པ་ཞིག་གིས། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་བོང་སྟག་མུ་རིའི་རྩ་ཐང་ནས་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱས་ནས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་དང་། ས་གནས་ཀྱི་འབྲོག་པ་མང་ཚོགས་ལ་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཡང་ནས་ཡང་དུ་ཕྱིའི་གསར་ལམ་ཁག་གིས་ཡོད་ལ། ལྷག་པར་ཉེ་ལམ་ཕྱི་ནང་གི་གསར་ལམ་ཁག་གིས་ཁུལ་དེའི་ཁྲིམས་འགལ་གྱི་གཏེར་ཁ་སྔོག་འདོན་མུ་མཐུད་བྱེད་བཞིན་པར་སྐྱོན་བརྗོད་ཀྱི་གནས་ཚུལ་ཁག་གཅིག་ཐོན་པའི་རྗེས། འདི་ཚེས་༤་ཉིན་དང་སྔ་རྗེས་མཚོ་སྔོན་ཞིང་ཆེན་དང་ཁུལ་རིམ་པའི་འབྲེལ་ཡོད་འགོ་ཁྲིད་ཚོས་གཏེར་ཁ་སྔོག་ཡུལ་དུ་གཟིགས་སྐོར་ཞིབ་བཤེར་བྱས་བ་དང་མཉམ། གནས་དོན་དེའི་ཐད་འདྲི་གཅོད་བྱས་ནས། མདོ་སྨད་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་བོང་སྟག་མུ་རིའི་རྩ་ཐང་ནས་འདས་པའི་ལོ་༡༤འི་རིང་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དང་ས་གནས་འབྲོག་པའི་འཚོ་བར་གནོད་འཚེ་ཚབ་ཆེན་བཟོས་ཡོད་པ་དངོས་ཡོད་ཡིན་པ་དང་། གཏེར་ཁ་སྔོག་འདོན་དེ་ཁྲིམས་འགལ་སྒྲིག་འགལ་ཡིན་པའི་ངོས་འཛིན་བྱས་ནས། གཏེར་ཁ་སྔོག་མཁན་རྒྱ་ནག་གི་ཞིན་ཆིན(xing qing)་གཏེར་ལས་ཚོང་གཉེར་ཁང་གི་འགོ་གཙོ་(Ma Shaowei)་འཛིན་བཟུང་བྱས་བ་དང་། དེ་སྔ་སྐབས་དེར་ངན་འབྲེལ་ཡོད་པའི་དཔོན་རིགས་ད་ལྟ་མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུ་དང་། ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་དམར་ཤོག་རྒྱུན་ལས་དྲུང་གཞོན། དོ་དམ་ཨུ་ལྷན་གྱི་རྒྱུན་ལས་འགོ་གཙོ་གཞོན་པ་བཅས་ཡིན་པ་ལེའང་ཡན་གོ་དང་། དེ་བཞིན་མཚོ་ནུབ་ཁུལ་གྱི་འགོ་ཁྲིད་ལི་ཡུང་ཕིང་སོགས་འབྲེལ་ཡོད་ས་གནས་ཀྱི་འགོ་ཁྲིད་ལྔ་གནས་དབྱུང་བཏང་ནས་ཞིབ་བཤེར་བྱེད་བཞིན་པ་བསྒྲགས་འདུག
དེའི་ཐད་རྒྱ་ནག་གི་ཁྲིམས་ལུགས་ཉམས་ཞིབ་པ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ཀྱིས་དེ་སྔ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། བོང་སྟག་མུ་རིའི་ས་གནས་དེར་རྡོ་སོལ་གྱི་གཏེར་ཁ་ཧ་ཅང་ཕུན་ཚོགས་པོ་ཡོད་པས། དེ་སྔ་མཚོ་སྔོན་ཞིང་ཆེན་དང་ཁུལ་རིམ་པའི་རྒྱ་ནག་གི་འགོ་ཁྲིད་དང་གཏེར་སྔོག་ཁེ་ལས་ཚན་པའི་འགོ་གཙོ་ཚོ་ངན་པ་ལག་འབྲེལ་བྱས་ནས་ཡིག་ཆ་ཨང་ ༢༩༦ ་ཅེས་པ་བཏོན་ནས། ད་བར་མུ་རུའི་གཏེར་ཁ་སྔོག་འདོན་གྱིས་མུ་རུ་རྩྭ་ཐང་གི་སྣོད་བཅུད་གཉིས་ལ་གཏོར་བརླག་ཚབས་ཆེན་བཏང་ཡོད་པ་འགྲེལ་བརྗོད་གནང་ཡོད།
ད་ཆ་རྒྱ་ནག་གི་གསར་ལམ་ནང་། འདས་བའི་ལོ་ངོ་༡༤་རིང་ལག་འཁྱེར་མེད་པར་ཁྲིམས་འགལ་གྱིས་མུ་རུའི་རྡོ་སོལ་གཏེར་ཁ་ཏུན་བྱེ་བ་༢་དང་ས་ཡ་༦་ལྷག་སྔོག་འདོན་བྱས་ནས། ཁེ་སྤོགས་རྒྱ་སྒོར་དུང་ཕྱུར་བརྒྱ་ལྷག་བླངས་པའི་དོགས་གཞི་ཡོད་པ་དང་། དེས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་དང་། མཚོ་སྔོན་པོ་དང་མདོ་ལ་རིང་མོའི་ཆུ་རྩ་གསོ་འཁྱོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་ཡོད་པ་བཀོད་འདུག
དེའི་ཐད་ས་གནས་འབྲེལ་ཡོད་བོད་མིས་བཤད་པ་ལྟར་ན། གཏེར་ཁ་སྔོག་ཁུལ་ལ་འཁེལ་བའི་འབྲོག་པ་མི་ཚང་ཚོར། རྡོ་སོལ་སྔོག་མཁན་ཁེ་ལས་ཁང་གིས་དངུལ་སྤྲད་ནས་ཁུ་སུམ་མེར་འཇོག་ཐབས་བྱས་ཀྱང་། ཉེ་འཁྲིས་ཀྱི་འབྲོག་པ་གཞན་ཁག་དང་རྡོ་སོལ་དབོར་འདྲེན་ལམ་བརྒྱུད་ཀྱི་འབྲོག་པའི་སྒོ་ཟོག་དུག་ཕོག་ནས་ཤི་བ་དང་། འཐུང་ཆུ་འབོག་བཙོག་ཆགས་ནས་འཚོ་གནས་ལ་དཀའ་ངལ་འཕྲད་ཀྱང་བཤད་ས་གཏུག་ས་མེད་པར་ད་བར་ལྷག་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org