གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་ཐད་བགྲོ་གླེང་གནང་སོང་།
རྒྱ་ནག་གཞུང་གིས་བོད་ནང་འཛུགས་བསྐྲུན་གྱི་ལས་གཞི་ཁག་མ་སྤེལ་གོང་ཐག་གཅོད་བྱེད་སྐབས་ས་གནས་བོད་མི་ཚོར་དེའི་ཆ་ཤས་ལེན་ཆོག་པའི་ཐོབ་ཐང་ངེས་བར་དུ་དགོས་བ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དམིགས་བསལ་སྐུ་ཚབ་ཀྱིས་གསུངས་སོང་།
- 2024-02-12
-
-
-
Your browser doesn’t support HTML5 audio
དེ་ཡང་སྤྱི་ཟླ་གཉིས་བའི་ཚེས་༩ཉིན་(Asia Freedom Institute)་ཞེས་ཨེ་ཤེ་ཡ་རང་དབང་ལྟེ་གནས་ཁང་གིས། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཚ་དྲོད་འཕེལ་བའི་མྱུར་ཚད་སོགས་ཀྱི་རྐྱེན་པས། ད་ལྟ་བོད་ནང་གི་ཁོར་ཡུག་ཉམས་རྒུད་དང་གཏོར་སྐྱོན་ཚད་མེད་འགྲོ་བཞིན་པའི་ཐད་དྲྭ་ལམ་བརྒྱུད་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དམིགས་བསལ་སྐུ་ཚབ་(David Boyd)་ལགས་ཀྱིས། རྒྱ་ནག་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པའི་འཛུགས་བསྐྲུན་གྱི་ལས་གཞི་རྣམས་ལ་དམིགས་བསལ་ཐུགས་སྣང་གནང་དགོས་བ་དང་། ཁོར་ཡུག་ལ་གནོད་སྐྱོན་ཐེབས་པའི་མཇུག་འབྲས་རྣམས་ལ་འགན་ཁུར་དགོས་པ་ནན་བརྗོད་གནང་སོང་།
ཁོང་གིས་ད་དུང་རྒྱ་ནག་གི་འཛུགས་བསྐྲུན་ལས་གཞི་འདྲ་མིན་ཁྲོད་བོད་མཐོ་སྒང་དེ་ས་གནས་གཞན་དང་མི་འདྲ་བར་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་ལ་དོ་སྣང་དགོས་བ་དང་། རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་འབྲོག་པའི་འཚོ་བ་ཚོད་འཛིན་གྱིས་འབྲོག་པ་མང་པོ་གནས་སྤོར་བྱེད་འཇུག་བཞིན་པ་དེ་ཡིས་འབྲོག་པ་མང་པོ་ལས་མེད་འགྱུར་བཞིན་པ་དང་། རང་བྱུང་ཁོར་ཡུག་ལ་ཡང་གནོད་སྐྱོན་ཆེན་པོ་ཐེབས་བཞིན་ཡོད། གནད་དོན་འདི་ནི་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་ཙམ་མ་ཡིན་པར་འགྲོ་བ་མིའི་ཐོག་ཐང་གི་གནད་དོན་ཞིག་ཀྱང་ཡིན་པས། རྒྱ་ནག་གཞུང་གིས་བོད་ནང་འཛུགས་བསྐྲུན་གྱི་ལས་གཞི་ཁག་མ་སྤེལ་གོང་ཐག་གཅོད་བྱེད་སྐབས། ས་གནས་བོད་མི་ཚོར་དེའི་ཆ་ཤས་ལེན་ཆོག་པའི་ཐོབ་ཐང་ངེས་བར་དུ་དགོས་བ་གསུངས་གནང་སོང་།
གནད་དོན་འདི་དང་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོགས་ཞིབ་སྡེ་ཚན་གྱིས་དེ་སྔ་སྤྱི་ལོ་༢༠༢༣་ལོའི་ཟླ་༨པའི་ནང་། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་བའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མི་གྲངས་དགུའི་གནས་སྟངས་ཐད་འདྲི་རྩད་བྱས་ཡོད་པ་ད་བར་དུ་ལན་འདེབས་གང་ཡང་བྱུང་མེད། དེ་བས་རྒྱལ་ཚོགས་ཙམ་མིན་པར་ཨ་རི་དང་ཡོ་རོབ་སོགས་ཀྱི་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་མུ་མཐུད་དུ་གླེང་དགོས་པ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་དམིགས་བསལ་སྐུ་ཚབ་ལྕམ་(Mary Lawlor)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་ལ། ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དམིགས་བསལ་སྐུ་ཚབ་(David Boyd)་ལགས་ཀྱིས་ཀྱང་། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བོད་ཀྱི་ཁོར་ཡུག་ལ་ཉམས་རྒུད་དང་གཏོར་སྐྱོན་ཐད་ཐུགས་ཚབས་ཡོད་པ་གསུངས་བ་དང་འབྲེལ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དགུ་རྣམས་གློད་བཀྲོལ་དགོས་པ་ནན་བརྗོད་གནང་སོང་།
ད་རེས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་དང་འབྲེལ་བའི་དྲྭ་ལམ་གྱི་བགྲོ་གླེང་སྐབས་ཨ་མི་རི་ཀའི་(Colorado)་གཙུག་ལག་སློབ་ཆེན་གྱི་ས་གཤིས་ཚན་རིག་པ་(Emily Yeh)་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་དང་ལས་འཆར་འབྲེལ་མཐུད་པ་བློ་བཟང་དབྱངས་མཚོ་ལགས་གཉིས་ཀྱང་མཉམ་ཞུགས་ཀྱིས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་བགྲོ་གླེང་གནང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།