རྒྱ་གར་ལྡི་ལིར་གཞི་རྒྱ་ཆེ་བའི་གཙང་སྦྲའི་ལས་དོན་སྤེལ་བཞིན་པ།
རྒྱ་གར་ནང་ཀོ་མེན་ལྦེལྠ་རྩེད་འགྲན་དེ་རྩེད་ལ་ཉེ་བའི་སྐབས་དེར་རྒྱལ་ས་ལྡི་ལིའི་ནང་གཞི་རྒྱ་ཆེ་བའི་གཙང་བཟོའི་ལས་དོན་སྤེལ་བཞིན་ཡོད་པ།
-
2010-09-27 -
-
-
༄༅༎རྒྱ་གར་ནང་ཀོ་མེན་ལྦེལྠ་ཞེས་པའི་རྩེད་འགྲན་དེ་རྩེད་ལ་ཉེ་བའི་སྐབས་དེར་རྒྱལ་ས་ལྡི་ལིའི་ནང་གཞི་རྒྱ་ཆེ་བའི་གཙང་བཟོའི་ལས་དོན་སྤེལ་བཞིན་ཡོད་པ་རེད་
རྒྱ་གར་གཞུང་གིས་ཀོ་མེན་ལྦེལྠ་རྩེད་འགྲན་དེའི་གོ་སྒྲིག་ཆེད་རྒྱལ་ས་ལྡི་ལིའི་ནང་རྒྱ་ལམ་གསར་བཟོ་དང་ས་འོག་རི་ལི་ རྩེད་འགྲན་ཚོགས་ཡུལ་གསར་རྒྱག་དང་དངུལ་ཨ་རིའི་གྲོ་ལར་འཐེར་འབུམ་༢མ་གནས་ཀྱི་རྒྱལ་སྤྱིའི་གནམ་ཐང་ཞིག་ཀྱང་གསར་བཟོ་གནང་ཡོད་པ་རེད་ དེ་བཞིན་རྒྱ་གར་གཞུང་ཕྱོགས་ནས་དངུལ་དང་དུས་ཚོད་མང་པོ་ཞིག་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་སློང་མོ་རྒྱབ་མཁན་དང་ངལ་རྩོལ་བྱེད་མཁན་ཕྲུ་གུ་སྟོང་ཕྲག་མང་པོ་དང་སྤྱི་སྤྱོད་སྣུམ་འཁོར་རྙིང་སོང་དེ་དག་མེད་པ་བཟོ་རྒྱུའི་ཐོག་འབད་བརྩོན་གནང་ཡོད་པ་རེད་ གོང་ཞུས་རྒྱལ་སྤྱིའི་རྩེད་འགྲན་དེ་གོ་སྒྲིག་མ་གནང་གོང་རྩེད་འགྲན་ཚོགས་ཡུལ་གྱི་ཨར་པོའི་ལས་ཀར་ཕྲུ་གུའི་ངལ་རྩོལ་བ་མང་དག་ཡོད་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ནང་ཐོན་རྗེས་དཆ་ཕྲུ་གུ་ངལ་རྩོལ་བ་དེ་དག་མཐོང་རྒྱུ་མེད་པ་བཟོས་ཡོད་པ་རེད་ དེ་བཞིན་རྣམ་ཀུན་ནང་ཁྱིམ་མེད་པའི་མི་རྣམས་ལམ་ཆེན་ཁག་ལ་ཉལ་མཁན་སྟོང་ཕྲག་མང་པོ་ཡོད་པ་དེ་དག་ཀྱང་མཐོང་རྒྱུ་མེད་པ་བཟོས་ཡོད་པ་རེད་ དེ་བཞིན་རྣམ་ཀུན་ནས་རྒྱ་ལམ་ཐོག་སློང་མོ་རྒྱབ་མཁན་དེ་དག་ཀྱང་མཐོང་རྒྱུ་མེད་པ་བཟོས་ཡོད་པ་རེད་
རྒྱ་གར་གྱི་གསར་ཤོག་ཁག་ནང་ཁོང་ཚོ་རྒྱལ་ས་ལྡི་ལིའི་ཕྱི་ཕྱོགས་ཀྱི་ས་གནས་ཤིག་ལ་འཕྲལ་སེལ་གྱི་སྡོད་གུར་ནང་བཞག་ཡོད་པའི་གནས་ཚུལ་བཀོད་ཐོན་དེར་རྒྱལ་ས་ལྡི་ལིའི་བསྐོར་སྲུང་བས་ཁས་ལེན་གནང་གི་མེད་པ་རེད་ རེས་གཟའ་ཟླ་བ་ཉིན་རྒྱལ་ས་ལྡི་ལིའི་དཔོན་རིགས་རྣམས་ཀྱིས་གྲོང་ཁྱེར་ནང་གི་ཧ་ཅང་གི་རྙིང་སོང་གི་སྤྱི་སྤྱོད་སྣུམ་འཁོར་༡༠༠༠ལྷག་ཞིག་རྒྱ་ལམ་ནང་གཏོང་མི་ཆོག་པ་བཟོས་ཡོད་པ་རེད་
དེ་བཞིན་རྒྱ་གར་གྱི་ཨོ་ཀྲོ་རིཀ་ཤོའོ་ཞེས་པའི་འཁོར་ལོ་གསུམ་ཅན་གྱི་སྣུམ་འཁོར་དེ་དག་རྩེད་འགྲན་ཚོགས་ཡུལ་གྱི་ཉེ་འགྲམ་ལ་གཏོང་མི་ཆོག་པ་བཟོས་པ་དེས་སྣུམ་འཁོར་དེ་དག་གཏོང་མཁན་རྣམས་རང་རང་སོ་སོའི་སྡོད་ཡུལ་མངའ་སྡེ་གཞན་ཁག་ལ་ཕྱིར་ལོག་བྱེད་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་པ་རེད་
དེ་བཞིན་རྒྱ་གར་ནང་ས་ཕྱོགས་གང་སར་ལུས་པ་གཡུགས་པ་དང་གཅིན་པ་གཏོང་བའི་གོམས་གཤིས་དེ་མེད་པ་བཟོ་རྒྱུར་གཞུང་ཕྱོགས་ནས་རྒྱ་གར་གྱི་སྦོ་ལི་ལྦུ་དྲི་གློག་བརྙན་འཁྲབ་སྟོན་པ་ཨ་མིར་ཁའན་ཆེད་གླས་གནང་ནས་གཙང་སྦྲའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་ གང་ལྟར་ཕྱི་ལོ་༢༠༠༨ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཨོ་ལོམ་པིཀ་རྩེད་འགྲན་གོ་སྒྲིག་སྐབས་གང་ཅིའི་གཙང་བཟོའི་ལས་དོན་སྤེལ་བ་བཞིན་ད་ཐེངས་རྒྱ་གར་གྱིས་རྒྱལ་སྤྱིའི་ཐོག་ཡུལ་དེ་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་པའི་རྣམ་པ་ཞིག་བཏོན་ཐབས་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག