ཉི་གཞོན་ཤེས་རིག་སྐུལ་སྤེལ་ཚོགས་པའི་ཚོགས་གཙོ་འཇུ་བཟུང་།
ཉི་གཞོན་ཤེས་རིག་སྐུལ་སྤེལ་དམངས་བསྒྲུབ་ཚོཊ་པའི་ཚོཊ་གཙོ་ཆོས་བཟང་རྒྱ་མཚོ་ལགས་རྒྱ་ནག་གིས་འཛིན་བཟུང་རྗེས་གར་སོང་ཆ་མེད།
-
2016-06-15 -
-
-
མཚོ་སྔོན་མང་ར་ཀླུ་ཚང་དགོན་པའི་དགེ་འདུན་པ་དང་ཉི་གཞོན་ཤེས་རིག་སྐུལ་སྤེལ་དམངས་བསྒྲུབ་ཚོགས་པའི་ཚོགས་གཙོ་ཆོས་བཟང་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་ཀྱིས་གར་ཡོད་ཆ་མེད་ཡིན་པ་རེད།
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན།
སྤྱི་ཟླ་ལྔ་བའི་ཚེས་༢༩་ཉིན་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་ཀླུ་ཚང་དགོན་པའི་དགེ་འདུན་པ་ཆོས་བཟང་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། ད་ལྟའི་བར་ཟླ་ཕྱེད་འགྲོ་གི་ཡོད་ཀྱང་ཁོང་ས་གནས་གང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། རྒྱུ་རྐྱེན་ཅི་ཞིག་གི་ཆེད་འཛིན་བཟུང་བྱས་བ་སོགས་གསལ་ཁ་གང་ཡང་མེད་པར། ཁོང་གི་ནང་མི་དང་གྲོགས་པོ་ཚོས་ཁོང་ས་གནས་གང་དུ་ཡོད་མེད་ད་ལྟ་རྩད་གཅོད་བྱེད་བཞིན་ཡོད་ཟེར།
གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱིས་གསུང་ན། དེ་སྔོན་ཁོང་གིས་ང་ལ་རྗེས་སུ་གནས་ཚུལ་ཅི་འདྲ་བྱུང་རུང་། ཁྱེད་ཚོས་མུ་མཐུད་དུ་ཤེས་རིག་ཚོགས་པ་འདིར་བདག་པོ་རྒྱོབ་ཅེས་བཤད་མྱོང་། ད་ལྟ་བསམ་ན་དེ་དུས་ནས་ཁོང་ལ་སྤྱི་བདེ་མི་སྣས་སུན་བཙུར་བྱེད་བཞིན་ཡོད་པ་འདྲ་ཟེར།
དགེ་འདུན་པ་ཆོས་བཟང་རྒྱ་མཚོ་ལགས་ད་ལོའི་སྤྱི་ཟླ་གཉིས་པའི་ཟླ་མཇུག་ཙམ་ལའང་འཛིན་བཟུང་བྱས་ནས། ཟླ་བ་གཅིག་ལྷག་བཀག་ཉར་བྱས་རྗེས་གློད་གྲོལ་བཏང་བ་དང་། སྐབས་དེར་ཧ་ལམ་ཁོང་གིས་རྩོམ་སྒྲིག་གནང་བཞིན་པའི་རྨིག་སྒྲ་དུས་དེབ་དང་རྩོམ་ཡིག་ཅིག་གི་ཆེད་དུ་འདྲི་རྩད་བྱས་བ་ཡོད་ས་རེད་ཅེས་གནས་ཚུལ་ཡོང་ཁུངས་ནས་འགྲེལ་བརྗོད་གནང་ཡོད། འོན་ཀྱང་ད་ཐེངས་ཡང་བསྐྱར་ཐེངས་གཉིས་བ་འཛིན་དོན་དེ་ཤེས་རྟོགས་བྱུང་མེད།
ཆོས་བཟང་རྒྱ་མཚོ་ནི་ཉི་གཞོན་ཤེས་རིག་སྐུལ་སྤེལ་དམངས་བསྒྲུབ་ཚོགས་པའི་ཚོགས་གཙོ་དང་རྨིག་སྒྲ་ཞེས་པའི་དུས་དེབ་གྱི་རྩོམ་སྒྲིག་པ་ཡིན་པ་དང་། ཉི་གཞོན་ཤེས་རིག་སྐུལ་སྤེལ་དམངས་སྒྲུབ་ཚོགས་པ་ནི་སྤྱི་ལོ་༢༠༡༤ལོར་གསར་འཛུགས་བྱས་པའི་གཙོ་བོ་རོང་འབྲོག་མང་ཚོགས་ཀྱི་བྱིས་པའི་སློབ་གསོའི་ཐད་རོགས་རམ་གནང་བཞིན་པའི་དམངས་ཁྲོད་ཚོགས་པ་ཞིག་རེད།
གསར་འགོད་པ་ལྕགས་མོ་འཚོ།