རྒྱ་ནག་ནང་གཙང་ཆུ་འགག་ནས་ཉེན་ཁ་འཕར་བཞིན།
རྒྱ་ནག་ས་ཡོམ་བྱུང་སའི་ཁུལ་ཁག་ཅིག་ཏུ་གཙང་ཆུ་འགག་ནས་མི་མང་ལ་ཉེན་ཁ་འཕར་མ་ཞིག་འཕྲད་བཞིན་ཡོད་པ་རེད།
-
2008-05-27 -
-
-
༄༅༎རྒྱ་ནག་གཞུང་གིས་ད་རེས་ས་ཡོམ་བྱུང་སའི་ཁུལ་ཁག་ཅིག་ལ་གཙང་ཆུ་འགགས་ཏེ་མི་མང་ལ་ཉེན་ཁ་འཕར་མ་ཞིག་འཕྲད་བཞིན་པར་ལྟར་མི་མང་སྟོང་ཕྲག་བརྒྱད་བཅུ་ཙམ་ཞིག་ཉེན་གཡོལ་ཆེད་ས་གནས་གཞན་དུ་གནས་སྤོས་བྱས་ཡོད་པ་དང་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བའི་ནང་ད་རེས་ས་ཡོམ་དང་འབྲེལ་ས་ཁུལ་ཁག་ཅིག་ལ་ས་རུས་ཤུཊ་ཆེ་བྱུང་པའི་རྐྱེན་གྱིས་གཙང་ཆུ་ཁག་ཅིག་འགགས་ཏེ་ད་ཆ་ཆུ་རུས་ཐོན་རྒྱུའི་ཉེན་ཁ་གང་ཆེ་འཕྲད་བཞིན་པར་ཛ་དྲག་མྱུར་སྐྱོབ་རུ་ཁག་གིས་འབར་རྫས་བཙུགས་ཏེ་གཙང་ཆུ་འགགས་པ་དེ་དག་བསང་ཐབས་བྱ་རྒྱུ་ཡིན་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།
གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་གཙང་ཆུ་འགགས་པའི་དོན་རྐྱེན་ཛ་དྲག་ཆེ་ཤོས་དེ་ཟི་ཁྲོན་ཞིང་ཆེན་གྱི་བྱང་ངོས་ཀྱི་ཀྲང་ཅི་ཤང་ཞེས་པའི་མཚོ་ར་དེར་འཕྲད་བཞིན་ཡོད་པ་དང་དེས་ད་རེས་ས་ཡོམ་གྱི་གོད་ཆགས་ཤུགས་ཆེ་ཕོག་ཡུལ་སྦེ་ཅོན་གྲོང་རྡལ་ལ་ཐད་བཀར་ཉེན་ཚབ་བཟོ་བཞིན་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད་དེ་རེས་ས་ཡོམ་གྱི་རྐྱེན་པས་མི་མང་ཁྲི་དྲུག་ཙམ་ལ་སྲོག་སྐྱོན་དང་ཁྲི་གཉིས་ཙམ་ག་སོང་ཆ་མེད་གྱུར་ཡོད་པ་ཚོད་དཔག་གནང་གི་ཡོད་པ་དང་བྱུང་བའི་གོད་ཆགས་དེའི་ནང་མི་མང་ས་ཡ་ཉེ་བར་སྡོད་གནས་གང་ཡང་མེད་པ་གྱུར་ཡོད་པ་རྣམས་ད་ལྟ་གཞུང་དང་རྒྱལ་སྤྱིའི་རོགས་སྐྱོར་འོག་གུར་སོགས་ཀྱི་ནང་གནས་སྡོད་བྱེད་བཞིན་ཡོད་པ་རེད༎