རྒྱ་ནག་གིས་དྲ་གནས་བརྒྱུད་གསང་བའི་གནས་ཚུལ་རྐུ་འཁྱེར།

རྒྱ་ནག་ཕྱོགས་ནས་རྒྱལ་སྤྱིའི་རྡོ་སྣུམ་བཟོ་ཚོང་ལས་ཁང་གི་ཀམ་པུ་ཊར་ནང་ཁྲིམས་འགལ་གྱིས་འཛུལ་ཏེ་གསང་བའི་ཡིག་ཆ་ཁག་རྐུ་འཁྱེར།

༄༅༎བར་ལམ་རྒྱ་ནག་ཕྱོགས་ནས་རྒྱལ་སྤྱིའི་རྡོ་སྣུམ་བཟོ་ཚོང་ལས་ཁང་གི་ཀམ་པུ་ཊར་ནང་ཁྲིམས་འགལ་གྱིས་འཛུལ་ཏེ། རྡོ་སྣུམ་ལས་ཁང་ཚོའི་གསང་བའི་ཡིག་ཆ་ཁག་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་སྐོར་ལ། རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་ཀམ་པུ་ཊར་ཡི་ལས་དོན་འགན་སྲུང་གནང་མཁན་བཟོ་ཚོང་ཁང་ཞིག་གིས་གསལ་སྟོན་གནང་ཡོད་པ་རེད།

དེ་ཡང་ཨ་རིའི་མངའ་སྡེ་ཀེ་ལི་ཕོ་ནི་ཡའི་གྲོང་ཁྱེར་སེན་ཊ་ཀེ་ལེ་ར་ནང་རྟེན་གཞི་བྱས་པའི་མེཀ་ཨེ་ཕི་ཞེས་པའི་བཟོ་ཚོང་ལས་ཁང་གིས་བཏོན་པའི་སྙན་ཐོའི་ནང། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང༌། ཧྲན་ཏོང་ཞིང་ཆེན་ནང་དུ་ཡོད་པའི་ཀམ་པུ་ཊར་ནང་གི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་མཁན་ཚོས། ཕྱི་ལོ་༢༠༠༩ནས་འགོ་བཙུགས་ཏེ། རྒྱལ་སྤྱིའི་རྡོ་སྣུམ་གཏེར་ཁ་བསྔོག་འདོན་བྱེད་མཁན་གྱི་ཚོང་ལས་ཁང་གི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་པར་ཁ་ཕྱོགས་ནས། རྡོ་སྣུམ་ཚོང་ལས་ཁང་ཁག་ལྔ་ཡི་ཀམ་པུ་ཊར་ནང་འཛུལ་ཏེ། ཁོང་ཚོའི་ཚོང་ལས་ཀྱི་མ་དངུལ་རྩ་འཛིན་ཡིག་ཆ་དང༌། རྡོ་སྣུམ་དང་སོལ་རླངས་གྱི་གཏེར་ཁའི་རྣམ་གྲངས། དེ་བཞིན་ཚོང་གི་རིན་ཐང་འཆར་གཞི་དང༌། བཟོ་སྐྲུན་དང་བདག་དབང་སོགས་གསང་བའི་གནས་ཚུལ་ཁག་བསྔོག་བཤེར་བྱས་པ་མ་ཟད། རྐུ་འཁྱེར་བྱས་ཡོད་པ་རེད། ད་དུང་ཨ་མི་རི་ཀ་དང༌། ཐའེ་ལྦན། གི་རིསི། ཀ་ཛཀ་སི་ཐན་ནང་གི་ལས་འཛིན་པ་དང། མི་སྒེར་མང་པའི་ཀམ་པུ་ཊར་ནང་འཛུལ་ཏེ། ཁོང་ཚོའི་གསང་བའི་གནས་ཚུལ་ཡང་རྐུ་འཁྱེར་བྱས་ཡོད་པའི་སྐོར་བཀོད་ཡོད་ཅིང༌། འོན་ཀྱང་མེཀ་ཨེ་ཕིས་བཏོན་པོའི་སྙན་ཐོའི་ནང་རྒྱ་ནག་ནས་ཡིག་ཆ་རྐུ་འཁྱེར་བྱེད་ཡུལ་གྱི་རྒྱལ་སྤྱིའི་རྡོ་སྣུམ་ལས་ཁང་དང་འགན་འཁུར་མི་སྣ་སུ་ཡིན་མིན་གྱི་མིང་གསལ་སྟོན་གནང་མེད་ཀྱང༌། གསང་བའི་ཡིག་ཆ་རྐུ་འཁྱེར་བྱེད་མཁན་ནི་ཚང་མ་རྒྱ་ནག་ནང་དུ་ཡོད་པ་གསལ་པོ་ར་སྤྲོད་གནང་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིན་གནས་ཚུལ་དེའི་ཐད་རྒྱ་ནག་ཕྱི་འབྲེལ་ལས་ཁང་གི་མགྲིན་ཚབ་པ་མའ་ཀྲའོ་ཤུའུ་ལ་གསར་འགོད་པའི་ཁྲོད་ནས་འདྲི་རྩད་བྱས་ཀྱང༌། གནས་ཚུལ་དེའི་སྐོར་ཤེས་རྟོགས་གང་ཡང་མེད་པའི་ལན་འདེབས་བྱས་ཡོད་པ་རེད། ཉེ་ཆར་ལྦི་ཀི་ལིཀ་སི་ཟེར་བའི་གསང་བའི་གནས་ཚུལ་བཀོད་སྤེལ་བྱེད་ཡུལ་དྲ་རྒྱ་དེའི་ཐོག་ལ་ཨ་མི་རི་ཀའི་ཕྱི་འབྲེལ་གྱི་གསང་བའི་གནས་ཚུལ་མང་པོ་ཞིག་བཀོད་སྤེལ་བྱས་པ་དེ་ཡང་རྒྱ་ནག་ཡིན་པ་ངོས་འཛིན་བྱས་པ་དང༌། དེའི་རྒྱུ་མཚན་ནི། པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས། རྒྱ་ནག་གི་འབྲེལ་ཡོད་མི་སྣ་ཞིག་བརྒྱུད་དེ་ཨ་རི་དང། ཨ་རིའི་ཕྱོགས་གཏོགས། དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཅས་ཀྱི་གནས་ཚུལ་རྣམས་རྒྱ་ནག་གིས་རྐུ་འཁྱེར་བྱས་ཡོད་པ་ར་འཕྲོད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org