རྒྱ་མི་ཞིག་གིས་ལྷ་སའི་གྲོས་མཐུན་ཐད་དཔྱད་རྩོམ་སྤེལ་སྐོར།

རྒྱ་མི་ཞིག་གིས་ལྷ་སའི་གྲོས་མཐུན་ཟེར་བ་ནི་ཕྱི་རྒྱལ་བ་ཁག་ཅིག་གིས་བོད་རྒྱལ་ཁབ་ཡིན་པའི་ར་སྤྲོད་བྱེད་ཀྱི་ཡོད་པ་ནི་ནོར་འཁྲུལ་ཡིན་སྐོར་དཔྱད་རྩོམ་སྤེལ་འདུག

༄༅༎བོད་ཐོག་ཆེད་ལས་ཞིབ་འཇུག་པ་ཡིན་ཟེར་བའི་རྒྱ་མི་ཞིག་གིས་ལྷ་སའི་གྲོས་མཐུན་ཟེར་བ་ནི་ཕྱི་རྒྱལ་བ་ཁག་ཅིག་གིས་བོད་རྒྱལ་ཁབ་ཡིན་པའི་ར་སྤྲོད་བྱེད་ཀྱི་ཡོད་པ་ནི་ནོར་འཁྲུལ་ཡིན་པའི་སྐོར་གྱི་དཔྱད་རྩོམ་ཞིག་སྤེལ་ཡོད་པའི་སྐོར་དེ་རིང་པེ་ཅིང་ནས་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་བཀོད་ཡོད་པ་རེད།

རྩོམ་བྲིས་པ་ལཱེན་ཞང་རྨིན་གྱིས་སྤེལ་བའི་དཔྱད་རྩོམ་དེའི་ནང་ལྷ་སའི་གྲོས་མཐུན་ཟེར་བ་ནི་དེ་སྔ་ཕྱི་ལོ་ ༡༩༠༤ ལོར་དབྱིན་ཇི་བཙན་འཛུལ་པའི་བཙན་དབང་འོག་ས་རྟགས་རྒྱབ་ཏེ་ཀྲུང་གོའི་བོད་ཐོག་དབྱིན་ཇིས་བཙན་འཛུལ་བྱས་པའི་ལོ་རྒྱུས་ནང་དངོས་ཡོད་ཀྱི་གནས་ཚུལ་ཞིག་མཚོན་གྱི་ཡོད་པ་ལས་བོད་རྒྱལ་ཁབ་ཡིན་པའི་ར་སྤྲོད་ཀྱི་དཔང་རྟགས་མིན་ལུགས་དང། དངོས་ཡོད་ཀྱི་གནས་ཚུལ་ནི་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཅིག་གྱུར་གྱིས་ངོས་འཛིན་བྱེད་པ་ཙམ་དུ་མ་ཟད། ཐ་ན་དུས་རབས་བཅུ་དགུའི་མཇུག་དང་དུས་རབས་༢༠ འགོ་སྟོད་དུ་རྒྱ་ནག་ཐོག་ཕྱི་རྒྱལ་རྒྱ་སྐྱེད་རིང་ལུགས་པས་བཙན་འཛུལ་བྱས་ཏེ་དཀའ་ངལ་ཆེ་བའི་དུས་སྐབས་ཡིན་ནའང་ འཛམ་གླིང་གི་རྒྱལ་ཁབ་ཚང་མས་བོད་དང་འབྲེལ་བའི་ལས་དོན་ཐད་ཆཱིང་དུས་རབས་ཀྱི་དབུས་གཞུང་ལ་འབྲེལ་གཏུགས་བྱེད་ཀྱི་ཡོད་ལུགས་དང་གང་ལྟར་བཙན་རྒྱལ་རྒྱ་སྐྱེད་རིང་ལུགས་པས་ཐོག་མར་ཆཱིང་རྒྱལ་རབས་ཀྱི་སྟོབས་ཤུགས་ཉམས་ཉེས་སུ་བཏང་སྟེ་ རྒྱ་ནག་དུམ་བུར་གཏོང་ཐབས་བྱས་ལུགས་དང། དེར་བརྟེན་སྐབས་དེར་བོད་ཐོག་ལའང་ཕྱི་རྒྱལ་རྒྱ་སྐྱེད་རིང་ལུགས་པའི་ཤུགས་རྐྱེན་ཐེབས་ཏེ་ཕྱི་ལོ་ ༡༩༠༣ ལོར་དབྱིན་ཇིས་བོད་ཐོག་བཙན་འཛུལ་བྱས་ཏེ་བོད་ཀྱི་དམག་དཔུང་དང་མི་དམངས་ཀྱིས་བཙན་འཛུལ་བར་ཁ་གཏད་གདོང་ལེན་བྱས་ཡོད་ཀྱང་མཐར་ཕམ་ཉེས་བྱུང་ཡོད་པའི་སྐོར་བྲིས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org