བལ་ཡུལ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཀྱིས་སྐྱོན་འཛུགས་བྱས་སྐོར།

བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་པ་དེ་ནི་བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཞིག་ཡིན་པའི་སྐོར་རྒྱ་ནག་གིས་སྐྱོན་འཛུགས་བྱས་འདུག

༄༅༎ད་རེས་བལ་ཡུལ་གྱི་གསར་ཤོག ཧི་མ་ལ་ཡན་ཀྲའེམ་སེ་ ཞེས་པའི་གསར་ཤོག་དེའི་ཐོག་བལ་ཡུལ་ཁུལ་གྱི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་པས་དེ་སྔོན་སྤྱི་ཟླ་༣པའི་ཚེས་༡༤ ཉིན་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་བོད་རིགས་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་སྲོག་སྐྱོན་ཤོར་བ་གྲངས་༢༠༩ དང་རྨས་སྐྱོན་ཕོག་པ་༡༠༠༠ ལྷག་འཇུ་བཟུང་བྱས་པ་༥༩༧༢ ལྷག་ཡོད་པའི་གནས་ཚུལ་ཞིག་བཏོན་ཡོད་པ་དེར་བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གཞུང་གི་མགྲིན་ཚབ་པས་གོང་གསལ་གསར་འགོད་ཀྱི་གནས་ཚུལ་དེར་དགག་བྱ་བྱས་ཏེ་དེ་ནི་གཞི་རྩ་ཁྱོན་ནས་མེད་པའི་མགོ་བསྐོར་གཏོང་བའི་སྐད་ཆ་ཞིག་རེད་ཅེས་སྐྱོན་འཛུགས་བྱས་ཡོད་པ་རེད་

དེ་རྗེས་རྒྱ་ནག་གི་མགྲིན་ཚབ་པ་དེས་མུ་མཐུད་དེ་བརྗོད་པར་ སྤྱི་ཟླ་༣་པའི་ཚེས་༡༤ ཉིན་ལྷ་སའི་དྲག་ཟིང་གི་དོན་རྐྱེན་དེ་ནི་ཚང་མས་ཤེས་རྟོགས་སུ་ཡོད་པ་དེའི་སྐབས་བོད་རང་བཙན་ཁ་བྲལ་རིང་ལུགས་པའི་བོད་མི་ཉུང་ཤས་ཤིག་གིས་རྡུང་བཅོག་འཕྲོག་གསུམ་གྱི་དྲག་པོའི་ལས་འགུལ་སྤེལ་ནས་ཁྲིམས་འགལ་གྱི་ངོ་ལོག་བྱས་པའི་སྐབས་ཞི་བའི་ཡུལ་མི་༡༨ སྲོག་སྐྱོན་བཏང་བ་དང་དེ་བཞིན་མི་གྲངས་༢༠༠ བསྐོར་ཞིག་རྨས་སྐྱོན་ཕོག་ཡོད་པ་དང་སློབ་གྲྭ་དང་ཚོང་ཁང་སོགས་མང་པོ་ཞིག་མེར་བསྲེགས་བཏང་བའམ་གཏོར་བཤིག་བྱས་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད་ ད་དུང་མུ་མཐུད་དེ་བརྗོད་པར་ དོན་རྐྱེན་དེའི་ཐོག་མར་བྱུང་སྐབས་ས་གནས་ཉེན་རྟོག་པས་དྲག་ཤུགས་ཆེན་པོ་བེད་སྤྱོད་བྱས་མེད་པ་དང་དེང་སྐབས་མི་མང་༢༤༠ ལྷག་གིས་ཉེན་རྟོག་པའི་ཐོག་རྒོལ་བརྡུང་བཏང་སྟེ་ མི་གྲངས་༢༣ རྨས་སྐྱོན་ཤོར་ཡོད་པ་དང་ཉེན་རྟོག་པ་གཅིག་སྲོག་སྐྱོན་བྱུང་བའི་གནས་ཚུལ་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་སོགས་བལ་ཡུལ་ཁུལ་གྱི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་པ་ཞེས་པ་དེ་ནི་བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཞིག་ཡིན་པའི་སྐོར་རྒྱ་ནག་གཞུང་གི་མགྲིན་ཚབ་པས་སྐྱོན་འཛུགས་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་འཁོད་བཞག༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org