ཨེ་ལྦེ་ལྦེ་ལ་བཅའ་ཁྲལ་གྲུབ་འཇལ་མ་བྱས་པའི་ལེ་ཁག
རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཨེ་ལྦེ་ལྦེའི་ཁྲིམས་རྩོད་ཀྱི་ལས་དོན་ལ་འགོག་རྐྱེན་བཟོ་རྒྱུའི་ཆབ་སྲིད་ཀྱི་གཡོ་བྱུས་གཏིང་བཞིན་ཡོད་ལུགས།
-
2011-11-14 -
-
-
༄༅།།རྒྱ་ནག་གཞུང་གིས་རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཨེ་ལྦེ་ལྦེ་ལ་བཅའ་ཁྲལ་གྲུབ་འཇལ་མ་བྱས་པའི་ལེ་ཁག་བཙུགས་ནས་ཁྲིམས་རྩོད་ཀྱི་ལས་དོན་ལ་འགོག་རྐྱེན་བཟོ་རྒྱུའི་ཆབ་སྲིད་ཀྱི་གཡོ་བྱུས་གཏིང་བཞིན་ཡོད་སྐོར་ཨེ་ལྦེ་ལྦེ་ཡི་ཁྲིམས་རྩོད་པས་བརྗོད་འདུག།
རྒྱ་ནག་གཞུང་གིས་ཨེ་ལྦེ་ལྦེ་ལ་རྒྱ་མིའི་དངུལ་ལོར་ས་ཡ་༡༥ཙམ་གྱི་བཅའ་ཁྲལ་གྲུབ་འཇལ་བྱས་མེད་པའི་ལེ་ཁག་བཙུགས་ཡོད་པར་ཨེ་ལྦེ་ལྦེ་ཡིས་ནག་ཉེས་ངོས་ལེན་གནང་གི་མེད་པ་རེད།
འོན་ཀྱང་རྒྱ་གཞུང་གིས་བཅའ་ཁྲལ་ལས་ཁུངས་ཀྱི་དངུལ་ཁང་ནང་ཨེ་ལྦེ་ལྦེ་ཡིས་རྒྱ་མིའི་དངུལ་ལོར་་ས་ཡ་༨དང་འབུམ་༤སྤྲོད་དགོས་རྒྱུའི་དགོས་འདུན་བཏོན་ནས། ཨེ་ཡི་སྐྱེས་མའི་ཁང་པ་གཏའ་མར་བཞག་ན་འགྲིག་གི་མེད་ཚུལ་བརྗོད་ཡོད་སྐོར་ ཁྲིམས་རྩོད་པ་ཕུ་ཁྲི་ཅང་ཡིས་འགྲེལ་བརྗོད་བྱས་འདུག།
ཁྲིམས་རྩོད་པ་པུ་ཡིས་རྒྱལ་ས་པེ་ཅིང་གི་བྱང་ཤར་དུ་ཡོད་པའི་ཨེ་ལྦེ་ལྦེ་ཡི་སྡོད་གནས་སུ་གསར་འགོད་པ་ཚོར། རྒྱ་ནག་གཞུང་གིས་ཨེ་ལ་བཅའ་ཁྲལ་མ་སྤྲད་པའི་ཁ་ཉེས་བཙུགས་ནས་ ཁྲིམས་ཐོག་ཞུ་གཏུགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོ་རྒྱུའི་སེམས་འཚབ་འདུག་ཅེས་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གཞུང་གིས་དཀའ་རྙོག་བཟོས་པའི་གནད་དོན་དེ་སེལ་ཐབས་ཀྱི་འབད་རྩོལ་བྱེད་བཞིན་ཡོད་ཅེས་བརྗོད་བཞག།
ཨེ་ལྦེ་ལྦེ་ཡིས་བརྗོད་ན། རྒྱ་ནག་གཞུང་གི་འཛིན་སྐྱོང་མི་སྣ་ཚོས་ ཁོང་གིས་གཞུང་ལ་བཅའ་ཁྲལ་གྲུབ་འབུལ་མ་བྱས་པའི་དཔང་རྟགས་གསལ་པོ་བཏོན་རྒྱུ་མེད་པ་དང༌། བཅའ་ཁྲལ་མ་སྤྲད་པའི་ལེ་ཁག་བཙུགས་སའི་ཁེ་གཉེར་ལས་ཁང༌།པེ་ཅིང་རིག་གཞུང་ཡར་རྒྱས་ཁེ་གཉེར་ལས་ཁང་ལ་ཨེ་ལྦེ་ལྦེ་དང་འབྲེལ་ཐུག་བྱེད་མི་ཆོག་པའི་བཀའ་ཡང་བཏང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཉེ་ལམ་ཨེ་ལྦེ་ལྦེ་གསང་བའི་སྒོ་ནས་ཉིན་༨༡རིང་འཛིན་བཟུང་བཀག་ཉར་དང༌། དེ་རྗེས་གློད་བཀྲོལ་བཏང་བའི་དུས་རིང༌། ཁོང་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་རྒྱ་གཞུང་དང་ལྟ་སྤྱོད་ལོགས་ཀར་འཛིན་མཁན་གྱི་མི་སྣ་སྙན་གྲགས་ཅན་ཞིག་དུ་གྱུར་ཡོད་པ་དང༌། ཕྱོགས་གང་ས་ནས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་དངུལ་གྱི་ཞལ་འདེབས་ཕོན་ཆེ་རྒྱབ་ཡོད་པར་བརྟེན། འཛམ་གླིང་མི་མང་ཚོས་ཨེ་ཐོག་སེམས་འཁུར་ཆེན་པོ་བྱེད་ཀྱི་ཡོད་པ་གསལ་པོ་མཚོན་ཐུབ་ཞེས་ཨེ་ལྦེ་ལྦེ་ཡིས་འགྲེལ་བརྗོད་བྱས་འདུག།