བོད་ནང་གཏེར་ཁ་བསྔོགས་འདོན་གྱི་འཆར་གཞི།
རྒྱ་ནག་གིས་མ་འོངས་ལོ་ལྔའི་ནང་བོད་ནང་དུ་གཏེར་ཁ་བསྔོག་འདོན་གྱི་རྟེན་གཞི་ཆེ་ཁག་གསུམ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་འདུག
-
2011-02-07 -
-
-
༄༅༎རྒྱ་ནག་གིས་མ་འོངས་ལོ་ལྔའི་ནང་བོད་ནང་དུ་གཏེར་ཁ་བསྔོག་འདོན་གྱི་རྟེན་གཞི་ཆེ་ཁག་གསུམ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་འདུག། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་ས་འོག་མ་གནས་ཨ་རིའི་ཌོ་ལར་ཐེར་འབུམ་༡༠༠ཙམ་གྱི་གཏེར་རྫས་ཁག་མི་འདྲ་བ་༡༠༢ཙམ་ཐོན་སའི་གཏེར་ཁ་༣༠༠༠ལྷག་ཙམ་ཡོད་པ་རྒྱ་མིས་འཚོལ་བརྙེད་ཐུབ་པ་བྱུང་བཞག།
བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁུལ་སྲིད་གཞུང་གིས་ བོད་ཀྱི་རྒྱལ་ས་ལྷ་ས་དང་ཧྲན་ནན་རྫོང་ཐེ་པའི་བོད་དབུས་ཁུལ་དུ་ཟངས་དང་ཞ་ཉེ། ཀོ་རོ་ནིཡམ་ཞེས་པའི་གཏེར་རྫས་དང་གསེར་སོགས་བསྔོག་འདོན་གྱི་ལས་གཞི་རྒྱ་ཆེ་ཞིག་འགོ་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པ་ལྟར། བོད་ནང་ལྕགས་མ་ཡིན་པའི་གཏེར་རྫས་ཀྱི་རྟེན་གཞི་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་ཡག་རེད་འདུག།
རྒྱ་ནག་གིས་ལྕགས་མ་ཡིན་པའི་གཏེར་ཁ་བསྔོག་འདོན་གྱི་རྟེན་གཞི་གཞི་རྒྱ་ཆེན་པོ་ཞིག་བོད་ཤར་ཕྱོགས་ཆབ་མདོ་རྫོང་དུ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང༌། ས་ཁུལ་དེའི་ནང་ཟངས་དང་ཞ་ཉེ། ཏི་ཚ་བཅས་ཁྱོན་ཊོན་ས་༡༥ཙམ་གྱི་གཏེར་ཁ་ཡོད་པ་གཏན་འཁེལ་ཡིན་པ་རེད། དེའི་ཐོག་བོད་ཀྱི་ནུབ་བྱང་ཁུལ་དུ་ཚྭ་ཡོད་སའི་མཚོ་ཞིག་ཡོད་པ་དེ་ནི་ ཚྭ་གཏེར་དང་དངུལ་མདོག་ལྟར་དཀར་བའི་ལྕགས་རིགས་ལི་ཐིཡམ་གྱི་ཐོན་ཁུངས་ཆེ་ཤོས་ཤིག་ཆགས་རྒྱུ་ཡིན་སྐོར་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག། རྒྱ་ནག་གི་ཧ་ཡང་དང་ཟངས་ཀྱི་གཏེར་ལས་ཁེ་གཉེར་ལས་ཁང་གིས་བོད་ནང་གཏེར་ཁ་བསྔོག་འདོན་གྱི་ཁེ་ལས་གསར་འཛུགས་བྱས་ཡོད་པ་མ་ཚད། རྒྱ་ནག་གི་ནུབ་ཕྱོགས་གཏེར་ཁ་བསྔོག་འདོན་བཟོ་གྲྭ་དང་ཀྲི་ཅིན་གཏེར་ལས་ཚད་ཡོད་ཁེ་གཉེར་ལས་ཁང་གཉིས་ཀྱིས་བོད་ཤར་ལྷོ་ཁུལ་དུ་གཏེར་ཁ་བསྔོག་འདོན་གྱི་ལས་གྲྭ་འགོ་འཛུགས་བྱས་ཟིན་པའི་གནས་ཚུལ་འདུག།