བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་འགྲོ་བ།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་འགྲོ་བཞིན་ཡོད་པའི་སྐོར་གསུངས་འདུག
-
2012-01-13 -
-
-
༄༅༎དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་གསུང་ན། བོད་ནང་དུ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱི་རྣོ་ངར་ཆེ་རུ་འགྲོ་བཞིན་ཡོད་ནའང་རྒྱ་ནག་གཞུང་གིས་མུ་མཐུད་ནས་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས་དགེ་འདུན་པ་ཚོས་རང་ལུས་མེ་བསྲེག་གཏོང་བའི་གནས་སྟངས་ཧ་ཅང་གི་ཛ་དྲག་ཏུ་འགྲོ་གི་ཡོད་པའི་སྐོར་གསུང་ཡོད་པ་རེད།
ཧོང་ཀོང་ནང་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པས་གསུང་ན། ན་ནིང་ཕྱི་ཟླ་གསུམ་པ་ནས་འགོ་བཙུགས་ཏེ་ད་བར་དུ་བོད་ནང་དུ་བོད་མི་༡༥ ཡིས་རང་ལུས་མེ་བསྲེག་བཏང་ཡོད་པ་དང༌། དེའི་ནང་ནས་མང་ཆེ་བ་ནི་དགེ་འདུན་པ་ལོ་ན་ཉི་ཤུ་ཡས་མས་ཀྱི་ན་གཞོན་ཡིན་ཞིང༌། འོན་ཀྱང་ཉེ་ཆར་བོད་ཀྱི་བླ་སྤྲུལ་ཞིག་གིས་རང་ལུས་མེ་བསྲེག་བཏང་བ་དེ་ནི་ད་བར་དུ་བླ་སྤྲུལ་གྱིས་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་ཐེངས་དང་པོ་ཡིན་པ་རེད་ཅེས་དང༌། སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལམ་བསོད་པ་ཞུ་བ་ནི། དགུང་གྲངས་༤༢ ཡིན་པ་དང༌། ཁོང་གིས་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ནུབ་བྱང་མཚོ་སྔོན་ཞིང་ཆེན་གྱི་གོ་ལོག་ཁུལ་དུ་རང་ལུས་མེ་བསྲེག་བཏང་བའི་རྗེས་འདས་གྲོངས་སུ་ཕྱིན་ཡོད་པ་དང༌། ཁོང་ནི་གོ་ལོག་ཁུལ་དུ་བླ་སྤྲུལ་མཐོ་པོ་ཞིག་ཡིན་པའི་སྐོར་གསུང་ཡོད་པ་རེད། གནས་ཚུལ་དབྱེ་ཞིབ་པས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་གསུང་ན། རང་སྲོག་གཅོད་པ་ནི་བོད་ཀྱི་ནང་ཆོས་ཀྱི་ལྟ་གྲུབ་དང་མཐུན་གྱི་མེད་པ་ནི། བསོད་པ་སྤྲུལ་སྐུས་ངེས་པ་རྙེད་པའི་ཐོག་ནས་འུ་ཐུག་ཐབས་ཟད་ཀྱིས་ལམ་དེའི་ཐོག་ཏུ་བསྐྱོད་པ་ཞིག་ཡིན་ཞིང༌། བོད་ནང་དུ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་དྲགས་པ་དེར་ངོ་རྒོལ་གྱི་ཆེད་དུ་ད་དུང་ཡང་བོད་ནང་དུ་དོན་རྐྱེན་དེ་རིགས་མུ་མཐུད་མཐོང་རྒྱུ་ཡིན་པ་དང། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་མུ་མཐུད་དྲག་གནོན་དང་དམ་བསྒྲགས་ཀྱི་བྱ་སྤྱོད་དེ་བས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་གསུང་གི་ཡོད་པ་རེད།།