རྒྱ་ནག་གིས་ཡོ་རོབ་གྲོས་ཚོགས་ལ་སྐྱོན་བརྗོད་དང་ཉེན་བརྡ་བཏང་བ།
ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཇལ་འཕྲད་གནང་བར་རྒྱ་ནག་གིས་སྐྱོན་བརྗོད་དང་ཉེན་བརྡ་བཏང་འདུག
-
2016-09-19 -
-
-
ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཇལ་འཕྲད་གནང་བར་རྒྱ་ནག་གིས་སྐྱོན་བརྗོད་དང་ཉེན་བརྡ་བཏང་འདུག
དེ་ཡང་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ལུ་ཀང་གིས་འདི་ཚེས་༡༩་རེས་གཟའ་ཟླ་བའི་ཉིན་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག ཡོ་རོབ་གྲོས་ཚོགས་དང་ཚོགས་གཙོ་ Martin Schultz་གཉིས་ཀྱིས་བོད་ཀྱི་གནད་དོན་ཐོག་ཁས་ལེན་བྱས་པའི་ནང་དོན་དང་། ལྷག་དོན་དུ་རྒྱ་ནག་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་པར་རྩིས་མེད་ཀྱི་ཐོག་ནས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་བ་དེར་རྒྱ་ནག་གིས་མཐའ་ཅིག་ཏུ་ངོ་རྒོལ་ཡོད་པ་དང་། གྲོས་ཚོགས་ཀྱི་འགོ་འཁྲིད་རྣམས་ལམ་ནོར་འཁྲུལ་ཅན་དུ་ཕྱིན་པ་དེས་རྒྱ་ནག་གི་གནད་དོན་གཙོ་བོ་དང་རྒྱབ་འགལ་བྱས་ཡོད་པའི་སྐོར་བཤད་འདུག།
རྒྱ་ནག་གི་ངོས་ནས་ལན་འདེབས་གང་བྱེད་རྒྱུ་ཡིན་པ་གསལ་སྟོན་མེད་པའི་ཐོག་ནས་རྒྱ་ནག་གིས་གནས་བབས་གཞིར་བཟུང་གྱི་ཐོག་ནས་ལག་ལེན་བསྟར་རྒྱུ་ཡིན་པ་དང་། གནད་དོན་དེའི་ཐོག་རྒྱ་ནག་ལ་ཁྱད་པར་མེད་པའི་ཚུལ་དུ་སྡོད་ཐུབ་ཀྱི་མེད་པའི་སྐོར་ཉེན་བརྡའི་ཚུལ་གྱི་གཏམ་བཤད་བྱས་འདུག།
ཟླ་བ་འདིའི་ཕྱི་ཚེས་༡༥་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་གྲོས་ཚོགས་ནང་དུ་ཕེབས་པ་མ་ཟད། གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་དེ་བཞིན་ཡོ་རོབ་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་རེད།
ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་། ཚོགས་གཙོ་མཆོག་གིས་བོད་ཀྱི་དབུ་ཁྲིད ༧གོང་ས་ཏཱ་ལའི་བླ་མ་དང་མཇལ་འཕྲད་སྐབས་གཙོ་བོ་འཛམ་གླིང་ཧྲིལ་བོའི་ལས་དོན་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བཀའ་མོལ་བྱུང་ཡོད་ཅེས་དང་། དེ་མིན་གསལ་བསྒྲགས་ནང་། རྒྱ་ནག་གཞུང་གིས་ཐོན་ལ་ཉེ་བའི་ཡོ་རོབ་གྲོས་ཚོགས་འཐུས་མིའི་གཟིགས་སྐོར་དེ་ཕྱིར་འགྱངས་བྱས་པར་ཚོགས་གཙོ་མར་ཊིན་ཤལ་ཛི་Martin Schulz་མཆོག་ལ་བློ་ཕམ་བྱུང་ཡོད་མོད། འོན་ཀྱང་། ཚོགས་གཙོ་མཆོག་གིས་མི་སུ་དང་མཇལ་འཕྲད་གནང་རྒྱུའི་ཐད་རང་དབང་ཡིན་པས། དེ་ལ་ཕྱི་རོལ་གྱི་གནོན་ཤུགས་སོགས་ཀྱི་ཤུགས་རྐྱེན་ཐེབས་མི་རུང་ཞིང་། ཡོ་རོབ་གྲོས་ཚོགས་ནི་སྣ་མང་དང་སུ་ལའང་སྒོ་མོ་ཡངས་པོར་ཕྱེས་པའི་རྟོག་དཔྱོད་ཀྱི་བསྟི་གནས་ཤིག་ཡིན་པས། ལྟ་སྤྱོད་ཐ་དད་ཡིན་པའི་མི་སྣ་འདྲ་མིན་མང་པོ་གདན་ཞུ་བྱས་ཆོག་ཅེས་བཀོད་ཡོད་པ་རེད། གཞན་ཡང་གསལ་བསྒྲགས་ནང་། ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་ཡོད་ཀྱང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལའང་དོ་ཁུར་ཡོད་པ་བཀོད་འདུག
གསར་འགོད་པ་ཀརྨ་རྡོ་རྗེ་དང་སྟག་ལྷ་རྒྱལ།