རྒྱ་ནག་གི་ངོས་ནས་གདོང་ལེན་ཁ་གཏད་ནན་པོ་བྱ་རྒྱུའི་ཉེན་བརྡ།

ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐོག་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་སྤེལ་ཚེ་དེར་རྒྱ་ནག་ནས་གདོང་ལེན་ཁ་གཏད་ནན་པོ་བྱ་རྒྱུའི་ཉེན་བརྡ་བཏང་བ།

ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་གྲུ་གཟིངས་བསྐྱོད་བཞིན་པ། AFP

ཉེ་ལམ་རྒྱལ་སྤྱིའི་ཁྲིམས་ཞིབ་ལྷན་ཚོགས་ཀྱིས་ལོ་རྒྱུས་ཀྱི་ཐོག་རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོར་བདག་དབང་གི་ཐོབ་ཐང་གང་ཡང་མེད་པའི་དཔྱད་ཁྲ་བཏང་ནས། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་(Philippine)་དང་། རྒྱ་ནག་དབར་མཚོ་གླིང་བདག་དབང་དང་འབྲེལ་བའི་རྩོད་རྙོག་སྐོར་རྒྱ་ནག་ལ་ཕམ་ཉེས་ཀྱི་ཐག་གཅོད་གསལ་བསྒྲགས་བྱས་པའི་རྗེས། ཚེས་༡༤་ཉིན་རྒྱ་ནག་གཞུང་གིས་ཐག་གཅོད་དེས་རྐྱེན་པས་མཚོ་ཁུལ་དེའི་ནང་། རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་རྒྱ་ནག་གི་བདེ་འཇགས་ལ་གནོད་ཚེའི་རང་བཞིན་ལ་སོགས་པའི་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་སྤེལ་ཚེ་དེར་རྒྱ་ནག་ནས་གདོང་ལེན་ཁ་གཏད་ནན་པོ་བྱ་རྒྱུ་ཡིན་ལུགས་ཉེན་བརྡ་བཏང་འདུག
ཚེས་༡༢་ཉིན་ནེ་རྡར་ལེན་ཌིའི་Netherland་གྲོང་ཁྱེར་Hague་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ལྷན་ཚོགས་ནས། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྩོད་གཞི་ཅན་གྱི་མཚོ་གླིང་ཁག་ལ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་ལ་བདག་དབང་མེད་ལུགས་དང་། དེ་བཞིན་རྒྱ་ནག་ནས་མཚོ་ཐོག་ཚོང་ལམ་ལ་འགོག་རྐྱེན་བཟོས་ཏེ་Philippines་གྱི་དཔལ་འབྱོར་དང་། རྒྱལ་ཁབ་ཀྱི་བདག་དབང་ལ་རྩིས་མེད་རྡོག་རོལ་བཏང་ཡོད་པ་སོགས་རྒྱ་ནག་ལ་ཕམ་ཉེས་ཀྱི་ཐག་གཅོད་བྱས་ཡོད་པ་རེད།
རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ལྷན་ཚོགས་ཀྱི་ཐག་གཅོད་གསལ་བསྒྲགས་བྱས་པའི་རྗེས། ཚེས་༡༣ཉིན། ཨོས་ཀྲེ་རི་ལི་ཡའི་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཨོས་ཀྲེ་རི་ལི་ཡ་ངོས་ནས། མཚོ་འགྲུལ་གྱི་རང་དབང་ལོངས་སུ་སྤྱོད་རྒྱུ་དང་། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་སུ་གནམ་གྲུ་འཕུར་བསྐྱོད་ཀྱི་རང་དབང་ཡང་ལོངས་སུ་སྤྱོད་རྒྱུ་མ་ཟད། རྒྱལ་ཁབ་གཞན་ཚོས་ཀྱང་དེ་ལྟར་བྱེད་ཆོག་པའི་རང་དབང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་འདུག  
ཚེས་༡༤ཉིན། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Lu Kang་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད། ཨོས་ཀྲེ་རི་ལི་ཡས་ནོར་འཁྲུལ་གྱི་བསྒྲགས་གཏམ་སྤེལ་ཡོད་པ་དེར་རྒྱ་ནག་གཞུང་ནས་ཨོས་ཀྲེ་རི་ལིའི་གཞུང་ལ་མོས་མཐུན་བྱ་ཐབས་མེད་པའི་སྐོར་ངོ་རྒོལ་གྱི་རྣམ་འགྱུར་གསལ་བཏོན་བྱས་ཡོད་ལུགས་དང་། ཨོས་ཀྲེ་རི་ལི་ཡའི་ངོས་ནས་མངའ་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གནོད་ཚེའི་རང་བཞིན་གྱི་ལས་འགུལ་མི་སྤེལ་བའི་རེ་བ་ཡོད་ལུགས་ནན་བརྗོད་བྱས་འདུག།  
རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པས། རྒྱ་ནག་གཞུང་ཕྱོགས་ནས་Hague་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ལྷན་ཚོགས་ཀྱི་ཐག་གཅོད་ལ་ངོས་ལེན་ནམ་ཡང་བྱ་རྒྱུ་མིན་པ་མ་ཟད། ཨོས་ཀྲེ་རི་ལི་ཡའི་ཕྱོགས་ནས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་གཞན་ལྟར། གོང་གསལ་བར་འདུམ་ཁྲིམས་ཞིབ་ལྷན་ཚོགས་ཀྱི་ཐག་གཅོད་དེ་རྒྱལ་སྤྱིའི་ཁྲིམས་ལུགས་ཞིག་ཡིན་པ་ལྟ་བུའི་ངོས་ལེན་མཚམས་འཇོག་བྱ་དགོས་ལུགས་སྐུལ་མ་བྱས་འདུག། མ་ཟད་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་དེའི་ནང་། རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་རྒྱ་ནག་གི་བདེ་འཇགས་ལ་གནོད་ཚེའི་རང་བཞིན་ལ་སོགས་པའི་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་སྤེལ་ཚེ་དེར་རྒྱ་ནག་ནས་གདོང་ལེན་ཁ་གཏད་ནན་པོ་བྱ་རྒྱུ་ཡིན་ལུགས་ཉེན་བརྡ་བཏང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org