རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཐད་འགྲེལ་བརྗོད།
རྒྱ་ནག་གཞུང་གིས་ཨ་རི་ལ་ཡུལ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་གཏོང་ཆེད་ཕན་ཚུན་ཡིད་ཆེས་བློས་འགེལ་དགོས་རྒྱུ་གལ་ཆེ་ལུགས་བརྗོད་འདུག
-
2011-04-21 -
-
-
༄༅༎རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་ཡུལ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་གཏོང་ཐབས་སུ་ཕན་ཚུན་ཡིད་ཆེས་བློས་འགེལ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་འགྲེལ་བརྗོད་བྱེད་ཡོད་འདུག
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཧེ་རི་རིདྲ་མཆོག་གིས་གཙོས་མང་གཙོ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་ཅིག་ད་ལྟ་རྒྱ་ནག་ནང་འཚམས་འདྲི་གཟིགས་བསྐོར་གནང་བཞིན་ཡོད་པ་ནས་ཁ་ས་སྲིད་བློན་གཞོན་པ་ཝང་ ཆི་ཤན་མཇལ་འཕྲད་གནང་ཡོད་འདུག ཁོང་རྣམས་མཇལ་འཕྲད་གནང་བའི་སྐོར་རྒྱ་ནག་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་བཀོད་པ་ཞིག་རིའུ་ཀྲར་གསར་ལས་ཁང་ནས་ལུང་གྲངས་བྱས་པར་ལྟར་ན། སྲིད་བློན་གཞོན་པ་ཆི་ཤན་གྱིས། ང་ཚོ་ཡུལ་གཉིས་དང་ལྷག་པར་དུ་རྒྱལ་སྤྱིའི་དཔལ་འབྱོར་ཉམ་པ་སླར་གསོ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་རེད། འོན་ཀྱང་འབྲེལ་ལམ་ཡག་པོ་ཡོང་བར་ཕྱོགས་གཉིས་ཀའི་ངོས་ནས་ཕན་ཚུན་ཡིད་ཆེས་བློས་འགེལ་ཐུབ་པ་ཞིག་ངེས་པར་དུ་དགོས་ཀྱི་རེད་ལ་དཔལ་འབྱོར་གྱི་གནད་དོན་ཐོག་ཆབ་སྲིད་བསྲེས་ལྷད་བྱས་པ་ཡིན་ན་འབྲེལ་བ་བཟང་ཏུ་གཏོང་ཐབས་སུ་ཕན་ཐོགས་ཡོད་མ་རེད་ཅེས་གསུངས་ཡོད་འདུག
ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་སྐུ་ཚབ་ཚོགས་ཆུང་དེའི་འགོ་འཁྲིད་གནང་མཁན་སྐུ་ཞབས་ཧེ་རི་ རིདྲ་མཆོག་གིས། ང་ཚོ་རྒྱལ་ཁབ་གཉིས་ཐུན་མོང་གི་ཐོག་ནས་ཚོང་འབྲེལ་དང་། དངུལ་གྱི་འཛའ་ཐང་། གློག་འདོན་ནུས་ཤུགས་གཙོ་བཟོ་བཅས་ཀྱི་གནད་དོན་ཐོག་ལས་དོན་སྤེལ་ནས་མ་འོངས་པར་འཛམ་གླིང་གི་དཔལ་འབྱོར་ཉམ་གསོ་བྱེད་ཐུབ་པ་ཞིག་ཡོང་ཐབས་བྱེད་དགོས་པའི་སྐོར་གསུངས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་དེའི་ནང་། དངུལ་འཛའ་ཐང་གི་གནད་དོན་ཐོག་བཀའ་མོལ་ག་རེ་བྱུང་ཡོད་མེད་དམིགས་བསལ་གསལ་ཁ་གང་ཡང་བཏོན་མེད་པ་རེད། ཨ་རི་དང་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གི་དངུལ་འཛའ་ཐང་སྤར་ཆ་བྱེད་ཕྱོགས་ཐོག་ཡང་སེ་གནོན་ཤུགས་སྤྲད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་ནས་དེར་ངོས་ལེན་ཡག་པོ་ཞིག་བྱེད་ཀྱི་མེད་པར་སྐྱོན་བརྗོད་ཡོང་གི་ཡོད་པ་རེད།