བོད་ཨ་མདོ་བླ་བྲང་ཁུལ་དུ་དམ་བསྒྲགས་བྱེད་བཞིན་པ།
བོད་ཀྱི་ཨ་མདོ་བླ་བྲང་ཁུལ་གློ་བུར་དྲག་ཆས་ཐོགས་པའི་ཉེན་རྟོག་པའི་ལྟ་སྲུང་བྱེད་པ་དང་ལས་ཁུངས་ཕྱིར་ཉེན་རྟོག་པ་འགྲེམས་འཇོག་བྱེད་པ།
-
2008-11-25 -
-
-
༄༅༎གཟའ་འཁོར་འདིའི་ནང་ལ་བོད་ཀྱི་ཨ་མདོ་བླ་བྲང་གི་གཙོ་བོའི་རྒྱ་ལམ་ཐོག་གློ་བུར་དྲག་ཆས་ཐོགས་པའི་ཉེན་རྟོག་པའི་ལྟ་སྲུང་བྱེད་པ་དང་ཁྲིམས་ཁང་དང་གཞུང་གི་ལས་ཁུངས་ཀྱི་ཕྱི་ཕྱོགས་སུ་ཉེན་རྟོག་པ་འགྲེམས་འཇོག་གིས་བོད་མི་ཚོས་ངོ་རྒོལ་གྱི་ཟིང་ཆ་ལངས་པ་ཡིན་ཚེ་འགོག་ཐབས་ཀྱི་ཆེད་དུ་སྲུང་སྐྱོབ་དམ་བསྒྲགས་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་དམིགས་བསལ་དུས་སྐབས་ལ་དམ་བསྒྲགས་ཆེ་རུ་གཏོང་བ་དེ་ཡིས་བོད་མི་ཚོར་རྒྱ་ནག་གཞུང་གི་ཁྲིམས་ལུགས་ལ་མི་དགའ་བ་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དང་ལྷག་པར་དུ་རེས་གཟའ་ཟླ་བའི་ཉིན་ཉེན་རྟོག་པ་འགྲེམས་འཇོག་གིས་དམ་བསྒྲགས་ཆེ་རུ་བཏང་བ་དེ་ནི་ཉིན་དེར་ས་གནས་ཁྲིམས་ཁང་ནས་བོད་མི་ཁག་ཅིག་གིས་ཁ་སྔོན་ཕྱི་ཟླ་གསུམ་པའི་ནང་བླ་བྲང་ཁུལ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བའི་སྐབས་མཉམ་ཞུགས་བྱས་པའི་ཉེས་འཛུགས་འོག་ཉེས་ཆད་ཐག་གཅོད་བྱས་པའི་སྐབས་བོད་མིའི་ངོས་ནས་ཟིང་ཆའི་དོན་རྐྱེན་སློང་རྒྱུའི་ཉེན་ཁ་འགོག་ཐབས་ཀྱི་བྱ་ཐབས་འཛིན་པ་ཞིག་ཡིན་པ་རེད།
བླ་བྲང་དགོན་པའི་ནང་མི་ལོ་བཅོ་ལྔ་རིང་བསླབ་པ་སློབ་གཉེར་གནང་མཁན་དགེ་འདུན་པ་ཞིག་གིས་ཨེ་པི་གསར་འགོད་པར་བརྗོད་དོན་ལ་ང་ཚོ་ནི་གུང་ཁྲན་ཏང་གི་འོག་ཏུ་གཉའ་གནོན་དང་མནར་གཅོད་མྱོང་བཞིན་ཡོད་པ་དང་བོད་དེ་རྒྱ་མིས་བཙན་འཛུལ་བྱས་ཏེ་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཙན་བྱོལ་ཕེབས་དགོས་བྱུང་བ་ཡིན་པ།ང་ནི་བོད་ཀྱི་གནས་སྟངས་ལ་ཧ་ཅང་གི་སེམས་སྐྱོ་སྣང་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།