ཟི་ཁྲོན་ས་ཁུལ་གྱི་བོད་རིགས་འབྲོག་པ་གནས་སྤོས་གཏོང་འཆར།
ཟི་ཁྲོན་ས་ཁུལ་གྱི་བོད་རིགས་འབྲོག་པ་འབུམ་བཞི་དང་ཁྲི་བདུན་གནས་སྤོས་བྱེད་དུ་འཇུག་རྒྱུར་རྒྱ་མིའི་དངུལ་ལོར་ཐེར་འབུམ་ལྔ་འགྲོ་གྲོན་གཏང་རྒྱུ།
-
2008-10-11 -
-
-
༄༅༎རྒྱ་ནག་གཞུང་གིས་བོད་པའི་མི་རིགས་ས་ཁུལ་ནང་ཡར་རྒྱས་གཏང་རྒྱུའི་འཆར་གཞི་ཡིན་ཁུལ་གྱི་ལས་འཆར་འོག་ཟི་ཁྲོན་ཞིང་ཆེན་གྱི་འཛིན་སྐྱོང་དཔོན་རིགས་ཚོས་ས་ཁུལ་དེའི་ནང་གི་བོད་རིགས་འབྲོག་པ་འབུམ་བཞི་དང་ཁྲི་བདུན་གནས་སྤོས་བྱེད་དུ་འཇུག་རྒྱུར་རྒྱ་མིའི་དངུལ་ལོར་ཐེར་འབུམ་ལྔ་འགྲོ་གྲོན་གཏང་རྒྱུའི་འཆར་གཞི་བཏིང་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ནས་བཟུང་ཐོག་མར་བོད་ཀྱི་རྒྱལ་ས་ལྷ་ས་དང་དེ་ནས་རིམ་བཞིན་བོད་ཆོལ་ཁ་གསུམ་ནང་བོད་མི་ཚོས་རྒྱ་ནག་དབང་འཛིན་པས་བོད་ཐོག་འཛིན་པའི་རྒྱ་ནག་གི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་སྒེར་ལངས་གནང་ཡོད་པ་དང་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱས་ཡོད་པ་རེད་
ད་ཆ་ཟི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་ད་ནས་བཟུང་ལོ་བཞིའི་ནང་ཁུལ་དེར་ཡོད་པའི་བོད་རིགས་འབྲོག་པའི་ཚོའི་ཆེད་དུ་ས་ཕག་གི་ཁང་པ་གསར་རྒྱག་བྱས་པའི་གྲོང་གསེབ་གསར་འཛུགས་ཀྱིས་གཏན་སྡོད་གྲོང་གསེབ་དེ་ཚོའི་ནང་དམའ་རིམ་སློབ་གྲ་དང་སྒོ་བསྟེན་སྨན་ཁང།ལས་ཁུངས་སོགས་གསར་འཛུགས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པའི་སྐོར་དང་ཟི་ཁྲོན་ཞིང་ཆེན་ནང་ཁྱོན་བོད་པའི་འབྲོག་པ་འབུམ་ལྔ་དང་གསུམ་ཁྲི་གསུམ་སྟོང་ཡོད་པའི་ཁོངས་ནས་འབྲོག་པ་ཉིས་འབུམ་ཆིག་ཁྲི་དགུ་སྟོང་ཙམ་ལ་གཏན་འཇག་ཁང་པ་མེད་པ་དང་དེ་འཕྲོས་འབྲོག་པ་མི་གྲངས་ཉིས་འབུམ་ལྔ་ཁྲི་བཞི་སྟོང་ཙམ་ཞིག་འཕྲལ་སེལ་ཁང་པའི་ནང་གནས་སྡོད་བྱེ་དཀྱི་ཡོད་པའི་སྐོར་ཁ་ས་ཤིན་ཧ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
རེས་གཟའ་པ་སངས་ཉིན་ཟི་ཁྲོན་ཞིང་ཆེན་གྱི་འཛིན་སྐྱོང་དཔོན་རིགས་ཚོས་ཚོགས་འདུ་ཞིག་འདུ་སྐོང་བྱས་པའི་སར་འབྲོག་པ་ཚོའི་འཚོ་བའི་གནས་སྟངས་དེང་དུས་ཅན་ལ་བསྒྱུར་ཐབས་སུ་དམིགས་བསལ་གྱི་གུར་དང་དེ་མིན་འཛིན་ཆས་བཟོ་སྐྲུན་བྱེད་མཁན་གྱི་ཁེ་གཉེར་ལས་ཁང་ཁག་ལ་གདན་ཞུ་བྱས་ཡོད་པའི་སྐོར་གནས་ཚུལ་ཐོན་པ་ལས་བོད་པའི་འབྲོག་པ་ཚོ་གཏན་སྡོད་གཞིས་སྒར་དེ་ཚོའི་ནང་གནས་སྤོས་བྱེད་བཏང་དང་གཞིས་ཆགས་གསར་འཛུག་བྱ་ཡུལ་གྱི་ས་ཆ་འདེམས་ཕྱོགས་སོགས་ཀྱི་སྐོར་གནས་ཚུལ་ཁ་གསལ་བཀོད་མེད་པ་རེད་ རྒྱ་ནག་གི་འཆར་གཞི་བཏིང་བཞིན་པའི་ལས་འཆར་དེས་བོད་ནང་གི་འབྲོག་པའི་སྔར་སྲོལ་གྱི་རྒྱུན་ལྡན་འཚོ་བར་དོ་ཕོག་གཏང་རྒྱུ་ཡིན་སྐོར་འབྲོག་པ་ཁག་ཅིག་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད༎