བོད་ཁམས་དཀར་མཛེས་ཁུལ་དུ་དགེ་འདུན་པ་ཞིག་ལ་ཁྲིམ་བཅད།

རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་ཁང་དམར་དགོན་པའི་དགེ་འདུན་པ་ཡིད་ཕྲུག་ཞུ་བར་ལོ་བཞིའི་བཙོན་བཅུག་གི་ཁྲིམས་ཆད།

༄༅༎རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་ཁང་དམར་དགོན་པའི་དགེ་འདུན་པ་ཡིད་ཕྲུག་ཞུ་བར་ཕྱི་ལོ་༢༠༠༨ལོའི་བོད་མིའི་ཞི་རྒོལ་གྱི་ལས་འགུལ་དང་འབྲེལ་ལོ་བཞིའི་བཙོན་བཅུག་གི་ཁྲིམས་ཆད་བཏང་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག

དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ལ་སྔ་ལོ་ཕྱི་ལོ་༢༠༠༨དང་ དེ་བཞིན་ཕྱི་ལོ་༢༠༠༩ལོའི་ངོ་རྒོལ་གྱི་ལས་འགུལ་དང་འབྲེལ་བོད་མི་མང་པོ་ཞིག་ལ་མུ་མཐུད་བཙན་ཤེད་ཀྱིས་ཁྲིམས་ཐག་འདྲ་མིན་སྣ་ཚོགས་ཤིག་བཅད་བཞིན་པ་དང་ ཕྱི་ལོ་༢༠༠༩ལོ་མཇུག་ཕྱི་ཟླ་༡༡པའི་ཚེས་༡ཉིན་རྒྱ་ནག་གཞུང་གི་དཀར་མཛེས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་དཀར་མཛེས་ཁང་དམར་དགོན་པའི་དགེ་འདུན་པ་ཡིད་ཕྲུག་ཞུ་བར་ཕྱི་ལོ་༢༠༠༨་གྱི་བོད་མིའི་ཞི་རྒོལ་དང་འབྲེལ་བ་ཡོད་པའི་ཉེས་བཙུགས་ཀྱི་འོག་ལོ་བཞིའི་བཙོན་བཅུག་གི་ཁྲིམས་ཆད་བཏང་ཡོད་པའི་སྐོར་ ཨོ་སི་ཀྲོ་ལིའི་ནང་ཡོད་པའི་དེ་སྔ་ཁང་དམར་དགོན་པའི་དགེ་འདུན་པ་ཡིན་པ་ཞིག་གིས་འདི་གའི་ཨོ་ཀྲོ་ལི་ཡའི་ནང་ཡོད་པའི་གསར་འགོད་པ་ ནོར་བུ་དགྲ་འདུལ་ལགས་སུ་ངོ་སྤྲོད་གནང་ཡོད་པ་རེད་

གནས་ཚུལ་ངོ་སྤྲོད་གནང་བ་པོ་ཁོང་གིས་གསུངས་ན་ ཁང་དམར་དགོན་པའི་དགེ་འདུན་པ་ཡིད་ཕྲུག་ལགས་ཕྱི་ལོ་༢༠༠༨ནས་གར་སོང་ཆ་མེད་གྱུར་ཡོད་པ་དང་སྔ་ལོའི་ལོ་མཇུག་ཕྱི་ཟླ་༡༡་པའི་ཚེས་༡ཉིན་རྒྱ་ནག་གཞུང་གི་དཀར་མཛེས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ གཞི་ནས་ཁོང་ལ་སྔ་ལོའི་ཞི་རྒོལ་དང་འབྲེལ་བ་ཡོད་པ་ཉེས་བཙུགས་ཀྱིས་ལོ་བཞིའི་བཙོན་བཅུག་གི་ཁྲིམས་ཆད་བཏང་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་པ་ངོ་སྤྲོད་གནང་ཡོད་པ་དང་ཡང་ཁོང་གིས་གསུངས་ན་ རྒྱ་ནག་གཞུང་གིས་ན་ནིང་ཁང་དམར་དགོན་པའི་དགེ་འདུན་པ་གཞན་ཁག་ཅིག་ལའང་དེ་ལྟ་བུའི་ཉེས་བཙུགས་ཀྱིས་བཙོན་བཅུག་གི་ཁྲིམས་ཆད་རིམ་པ་ཞིག་བཏང་ཡོད་པ་དང་ དེའི་ནང་དཔེར་ན་ཁང་དམར་དགོན་པའི་དགེ་འདུན་པ་ཚེ་རིང་ཕུན་ཚོགས་ཞུ་བར་ལོ་གཉིས་དང་ཕྱེད་ཀའི་བཙོན་བཅུག་གི་ཁྲིམས་ཆད་དང་དེ་བཞིན་དགེ་འདུན་པ་མཚན་ལ་སེར་དགའ་ཞུ་བར་ལོ་གཅིག་དང་ཟླ་བ་དགུའི་བཙོན་བཅུག་གི་ཁྲིམས་ཆད་བཏང་ཡོད་པ་དང་གཞན་ཡང་དགེ་འདུན་པ་ཁག་ཅིག་ རྒྱ་ནག་གཞུང་གིས་འཛིན་བཟུང་གི་རྗེས་གང་སོང་ཆ་མེད་གྱུར་ཏེ་ དཔེར་ན་དགེ་འདུན་པ་བྱམས་པ་བསོད་ནམས་ཞུ་བ་ཞིག་ད་ལྟ་གསོན་པོར་འཚོ་གནས་ཡོད་མིན་ཐད་ལའང་བློ་འཚབ་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གནང་གི་ཡོད་པ་རེད་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org