ཉི་ཧོང་གི་སྐྱོན་བརྗོད་ལ་རྒྱ་ནག་གིས་ངོས་ལེན་མེད་ལུཌ

ཉི་ཧོང་ནས་རྒྱ་ནག་ལ་བདེ་སྲུང་ལས་དོན་ཐོག་སྐྱོན་བརྗོད་བྱེད་པའི་གནས་ཚུལ་དེར་ངོས་ལེན་མེད་ཅེས་བཤད་ཡོད་པའི་གནས་ཚུལ་འདུག

༄༅༎ཉི་ཧོང་ནས་རྒྱ་ནག་ལ་བདེ་སྲུང་ལས་དོན་ཐོག་སྐྱོན་བརྗོད་བྱེད་པའི་གནས་ཚུལ་དེར་ངོས་ལེན་མེད་ཅེས་བཤད་ཡོད་པའི་གནས་ཚུལ་འདུག

ཉེ་ཆར་ཉི་ཧོང་གི་བདེ་སྲུང་ལས་ཁུངས་ནས་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གཞུང་ནས་གོ་མཚོན་རྒྱ་བསྐྱེད་གཏོང་རྒྱུའི་ཆེད་འགྲོ་གྲོན་གཏོང་དམིགས་ཀྱི་སྔོན་རྩིས་བཏོན་པ་དེ་དག་དངོས་ཡོད་གནས་ཚུལ་གྱི་བརྒྱ་ཆ་ལས་ཞེ་དྲག་མང་བ་ཡོད་སྲིད་པའི་ཚོད་རྩིས་དང་། ལྷག་པར་དུ་རྩོད་རྙོག་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་རྒྱ་ནག་གི་ཐེ་བྱུས་ཆེ་དྲག་པའི་གནས་སྟངས་སོགས་གང་ལྟར་རྒྱ་ནག་གཞུང་གི་བདེ་སྲུང་ལས་དོན་ཆེད་སྔོན་རྩིས་སྤར་ཆ་ཆེན་པོ་བྱེད་བཞིན་པ་དེས་རྒྱལ་སྤྱི་དང་ཁྱིམ་མཚེས་ཉི་ཧོང་གི་གཙོས་པའི་རྒྱལ་ཁབ་ཚོར་བློ་འཚབ་སྐྱེས་གཞི་ཞིག་རེད་ཅེས་བཀོད་ཡོད་པ་རེད། འོན་ཀྱང་དེ་རིང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མ་ ཀྲའོ་ཤུས། རྒྱ་ནག་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་གོ་མཚོན་ཡར་རྒྱས་གཏོང་གི་ཡོད་པ་ལས་རྒྱལ་ཁབ་གཞན་ལ་གནོད་སྐྱོན་གཏོང་རྒྱུའི་ཆེད་དམིགས་པ་ཞིག་མིན་སྟབས་ཉི་ཧོང་གི་སྙན་ཐོ་བཏོན་པའི་ནང་དོན་དེ་ནི་འགན་འཁྲི་མེད་པའི་ཐོག་ནས་ཁུངས་མེད་འཆལ་གཏམ་ཞིག་ལ་ངོས་འཛིན་བྱེད་རྒྱུ་དང་འབྲེལ་དེར་ང་ཚོས་མོས་མཐུན་མེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། སྤྱིར་བཏང་རྒྱ་ནག་དང་ཁྱིམ་མཚེས་ཉི་ཧོང་གཉིས་དབར་འབྲེལ་བ་དེ་ཙམ་ཡག་པོ་ཞིག་མེད་པའི་ཁར་སྔ་ལོ་སླར་ཡང་མཚོ་གྲུའི་གནད་དོན་ཐོག་ནས་འཁོན་འཛིན་བྱུང་ཡོད་པ་རེད། རྒྱ་ནག་གཞུང་གི་ལོ་འདིའི་བདེ་སྲུང་ལས་དོན་གྱི་སྔོན་རྩིས་ནང་། རྒྱ་མིའི་སྒོར་མོ་ཐེར་འབུམ་ ༦༠༡ བྱེད་ཀྱི་ཡོད་པ་ནི་བརྒྱ་ཆ་བཅུ་གཉིས་ཙམ་སྤར་ཆ་བྱས་པ་ཞིག་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org