ཀེམ་བོ་ཌི་ཡའི་ནང་ཡུ་གུར་མི་རིགས་སྲིད་དོན་སྐྱབས་བཅོལ་བ།
ཡུ་གུར་མི་རིགས་སྲིད་དོན་སྐྱབས་བཅོལ་ཞུ་ཐབས་བྱ་མཁན་གྱི་གནད་དོན་དེར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཞིབ་འཇུག་བྱེད་བཞིན་ཡོད་འདུག
-
2009-12-08 -
-
-
༄༅༎ཀེམ་བོ་ཌི་ཡའི་ནང་སླེབས་པའི་ཡུ་གུར་མི་རིགས་ཁག་ཅིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་དོན་ལྷན་ཁང་བརྒྱུད་ཡུལ་དེའི་ནང་སྲིད་དོན་སྐྱབས་བཅོལ་ཞུ་ཐབས་བྱ་མཁན་གྱི་གནད་དོན་དེར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཞིབ་འཇུག་བྱེད་བཞིན་ཡོད་འདུག།
ཀེམ་བོ་ཌི་ཡའི་རྒྱལ་ས་ཕིནོམ་པེན་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དེ་བརྒྱུད་ཡུ་གུར་ཁ་ཆེའི་མི་གྲངས་ཉི་ཤུ་རྩ་གཉིས་ཀྱིས་སྲིད་དོན་སྐྱབས་བཅོལ་ཞུ་བཞིན་ཡོད་པའི་ཁོངས་ནས་ མི་གཉིས་ཀྱིས་འདི་ལོ་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཅིའི་ནང་དུས་ཟིང་བྱུང་སྐབས་རྒྱ་མིའི་བདེ་འཇགས་མི་སྣས་ངོ་རྒོལ་གྱི་ནང་བཞུགས་མཁན་ཡུ་གུར་མི་རིགས་རྐྱེན་འདས་སུ་བཏང་པ་དང་རྡུང་རྡེགས་བཏང་པ་སོགས་དངོས་སུ་མཐོང་མཁན་ཡིན་པ་བརྗོད་བཞིན་ཡོད་ལུགས་ཡུ་གུར་མཐུན་ཚོགས་ཀྱིས་གནས་ཚུལ་འགྲེམ་སྤེལ་བྱས་ཡོད་པ་རེད།
གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཇིཡང་ཡུས་གཞུང་གིས་འབྲེལ་ཡོད་ཚན་པས་གནད་དོན་འདིའི་ཐད་ཞིབ་འཇུག་བྱེད་མུས་ཡིན་ཞེས་དང་ ང་ཚོ་དང་ཀེམ་བོ་ཌི་ཡའི་གཞུང་དབར་ཕྱོགས་གང་ཅིའི་ཐད་འབྲེལ་ལམ་བཟང་པོ་ཞིག་ཡོད་ལ་ རྒྱལ་སྤྱིའི་སྤྱི་ཚོགས་ནས་འཇིགས་བསྐུལ་དྲག་སྤྱོད་པར་ཁ་གཏད་གདོང་ལེན་བྱེད་པའི་ལས་དོན་ཚགས་ཚུད་དུ་གཏོང་རྒྱུར་མཉམ་འབྲེལ་གནང་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག།
རྒྱ་ནག་གཞུང་གིས་ཤིན་ཅང་ནང་གི་འཇིགས་བསྐུལ་དྲག་སྤྱོད་པ་ཚོས་དུས་ཟིང་གི་ངན་སློང་བྱེད་ཀྱི་ཡོད་པའི་བསྙོན་འཛུགས་བྱེད་བཞིན་ཡོད་ཅིང་ འོན་ཀྱང་ཀེམ་བོ་ཌི་ཡའི་ནང་སྲིད་དོན་སྐྱབས་བཅོལ་ཞུ་མཁན་ཡུ་གུར་མི་གྲངས་༢༢པོ་སུ་རུང་འཇིགས་བསྐུལ་དྲག་སྤྱོད་ཀྱི་ཚོགས་སྡེ་དང་འབྲེལ་བ་ཡོད་པ་ད་བར་ཁུངས་སྐྱེལ་བྱས་མེད་པ་རེད།